སི་ཁཱོ་ཊིས་སླར་ཡང་མང་མོས་འོས་བསྡུ་བྱ་རྒྱུ་ཡིན་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་པའི་གོ་སྐབས་དང་བསྟུན་ཏེ། སི་ཁཱོ་ཊི་གཞུང་གིས་ཀྱང་མང་མོས་འོས་བསྡུའི་ལམ་ནས་རང་བཙན་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སི་ཁཱོ་ཊི་ (Scottish) སྲིད་བློན་ལྕམ་ནེ་ཁཱོ་ལཱ་སཱིཊུར་གྷོན་ (Nicola Sturgeon ) ལགས་ཀྱིས་སི་ཁཱོ་ཊི་རང་བཙན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་སུ་མང་མོས་འོས་བསྡུ་ཐེངས་གཉིས་བ་བྱེད་འཆར་ཡོད་པ་གསལ་བསྒྲགས་སྤེལ་ཡོད་འདུག

དེ་སྔ་ ༢༠༡༤ ལོའི་ཕྱི་ཟླ་ ༩ ཕྱི་ཚེས་ ༡༨ ཉིན་སི་ཁཱོ་ཊི་གཞུང་གིས་མི་མང་ལ་མང་མོས་འོས་བསྡུ་ཐེངས་དང་པོ་བྱས་སྐབས། རང་བཙན་ལ་རྒྱབ་ལ་སྐྱོར་བྱེད་མཁན་བརྒྱ་ཆ་ ༤༤།༧ དང་། རང་བཙན་བྱེད་འདོད་མེད་མཁན་བརྒྱ་ཆ་ ༥༥།༣ བྱུང་སྟེ་མང་མོས་ཐོག་རང་བཙན་མི་བྱེད་རྒྱུའི་ཐག་གཅོད་བྱས་ཡོད།

སྲིད་བློན་ནེ་ཁཱོ་ལཱའི་གཞུང་གིས་ཐེངས་འདིར་སླར་ཡང་མང་མོས་འོས་བསྡུ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་དོན་ནི། ལོ་སྔོན་མའི་ཕྱི་ཟླ་ ༦ ཕྱི་ཚེས་ ༢༣ ཉིན་དབྱིན་ཇུ་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱུང་བ་དང་། ཟླ་དེའི་ཕྱི་ཚེས་ ༢༤ ཉིན་སི་ཁཱོ་ཊི་ཡུ་རོབ་མཉམ་འབྲེལ་ཁོངས་འདོད་ཡོད་པར་མང་མོས་བྱུང་བ་བཅས་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་འདུག

ལྕམ་ནེ་ཁཱོ་ལཱའི་གཞུང་གིས། ཕྱི་ལོ་ ༢༠༡༨ ལོའི་སྟོན་མགོ་ནས་ ༢༠༡༩ ལོའི་དཔྱིད་ཀའི་བར་དངོས་སུ་མང་མོས་འོས་བསྡུ་གནང་ཐབས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། དེ་ནི་དབྱིན་ཇུ་གཞུང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུལ་པའི་མཐའ་མའི་དུས་མཚམས་སུ་འཁེལ་ཡོད་སྟབས། སི་ཁཱོ་ཊི་གཞུང་གིས་དབྱིན་ཇུ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་མ་ཐོན་སྔོན་ལ་མང་མོས་འོས་བསྡུ་བྱེད་འཆར་ཡོད་པ་རེད།

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཆོད་དོན་ཚན་ ༥༠ བ་ལྟར་ན། ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་གང་ཞིག་ཚོགས་ཁོངས་ནས་ཕྱིར་འཐོན་ཚེ། ཉུང་མཐར་ལོ་ངོ་གཉིས་རིང་ཕྱིར་འཐོན་དགོས་པའི་ཆ་རྐྱེན་ཁག་དང་། མ་འོངས་པའི་འགྲོ་ལུགས་འགྲོ་སྟངས། དེ་བཞིན། ཕྱིར་འཐོན་མཁན་རྒྱལ་ཁབ་དེ་དང་ཡུ་རོབ་མཉམ་འབྲེལ་བར་གྱི་དཔལ་འབྱོར་དང་ཆབ་སྲིད་སོགས་ལ་ཞིབ་འཇུག་ནན་ཏན་བྱས་རྗེས། གཞི་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐོན་གཙང་མ་བཟོ་དགོས་ཀྱི་ཡོད་འདུག་ལ། དབྱིན་ཇུ་གཞུང་ནི་གྲོས་ཆོད་དོན་ཚན་ ༥༠ པ་དེ་ལག་བསྟར་བྱེད་མཁན་དང་པོ་དེ་ཆགས་ཡོད་འདུག

ལྕམ་ནེ་ཁཱོ་ལཱ་ལགས་ཀྱིས་བརྗོད་དོན། དབྱིན་ཇུའི་གཞུང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་བུད་དེ་རང་དོན་སྒྲུབ་སྐབས། ང་ཚོའང་གཉིད་ལས་སད་དེ་སི་ཁཱོ་ཊི་མི་མང་གི་མངོན་འདོད་སྲུང་རྒྱུའི་ཐག་གཅོད་དེ་བྱས་པ་ཡིན་ཞེས་བརྗོད་ཡོད།

ལྕམ་ནེ་ཁཱོ་ལཱ་ལགས་ཀྱིས་ཟླ་འདིའི་ཚེས་ ༢༡ ཉིན་སི་ཁཱོ་ཊིའི་གྲོས་ཚོགས་བརྒྱུད་དེ་དབྱིན་ཇུའི་གཞུང་ལ། རང་བཙན་གྱི་མང་མོས་འོས་བསྡུའི་ཐག་གཅོད་དང་འབྲེལ་བའི་གྲོས་ཆོད་དོན་ཚན་ ༣༠ པ་དེ་ལག་བསྟར་བྱེད་ཆོག་པའི་རེ་སྐུལ་ཞུ་རྒྱུ་ཡིན་འདུག

གྲོས་ཆོད་དོན་ཚན་ ༣༠ པ་དེ་ནི་ ༡༩༩༨ ལོར་དབྱིན་ཇུའི་གཞུང་གིས་སི་ཁཱོ་ཊིའི་གྲོས་ཚོགས་ནང་གཏན་འབེབས་བྱས་བ་ཞིག་ཡིན་པ་དང་། གྲོས་ཆོད་དེར་སི་ཁཱོ་ཊིའི་གྲོས་ཚོགས་ཀྱིས་གནད་དོན་འགའ་རེའི་ཐོག་ཁྲིམས་བཟོ་ཆོག་ཀྱང་། གྲོས་ཚོགས་ཀྱིས་ཁྲིམས་བཟོས་ཏེ་མང་མོས་འོས་བསྡུའི་ལམ་ནས་རང་བཙན་ཐག་གཅོད་བྱེད་པའི་དབང་ཆ་མེད་སྐོར་བཀོད་ཡོད་འདུག དེར་བརྟེན། སི་ཁཱོ་ཊི་གཞུང་གིས་མང་མོས་འོས་བསྡུའི་ལམ་ནས་རང་བཙན་ཐག་གཅོད་བྱེད་པར། དབྱིན་ཇུའི་གཞུང་གིས་ངོས་ལེན་མེད་པར། སི་ཁཱོ་ཊིའི་གྲོས་ཚོགས་དང་སྲིད་བློན་ལ་ཐག་གཅོད་དབང་ཚད་མེད།

སྤྱིར་སི་ཁཱོ་ཊི་ནི་སྲིད་བློན་དང་གྲོས་ཚོགས་བཅས་ཀྱི་སྒྲིག་འཛུགས་ལྡན་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་ཀྱང་། མཐར་ཐུག་གི་རང་བཙན་གནད་དོན་དེ་ད་དུང་དབྱིན་ཇུ་བཙན་རྒྱལ་རིང་ལུགས་ཀྱི་ས་མཚམས་ལས་བརྒལ་ཐུབ་མེད། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་གི་གནད་དོན་ཞིག་ཆགས་ཡོད་པ་དང་། གྲོས་ཆོད་དོན་ཚན་ ༣༠ བའི་ནང་གསེས་ ༢ བའི་ནང་། རྒྱལ་ཁབ་ཀྱི་སློབ་སྟོན་ལྷན་ཚོགས་ཀྱིས་ཁྲིམས་གཞི་གང་ཞིག་བཟོས་ཀྱང་། དབྱིན་ཇུའི་རྒྱལ་མོས་དེ་དག་མཐའ་མའི་ཐག་གཅོད་དང་བཟོ་བཅོས་བྱེད་ཆོག་ཅེས་བཀོད་ཡོད་པ་དང་། གྲོས་ཆོད་དོན་ཚན་ ༣༠ པའི་ནང་སི་ཁཱོ་ཊི་གཞུང་ལ་མང་མོས་ཐག་གཅོད་ཐོག་རང་བཙན་བྱེད་འཇུག་མིན་གྱི་དབང་ཆ་ཚང་མ་དབྱིན་ཇུའི་གཞུང་ལ་ཡོད་པ་བཀོད་ཡོད།

དབྱིན་ཇུའི་སྲིད་བློན་ལྕམ་ཐི་རེ་ས་མཱེ་ (Theresa May) ལགས་ཀྱིས། སི་ཁཱོ་ཊི་གཞུང་གིས་རང་བཙན་ཐད་མང་མོས་འོས་བསྡུ་བྱས་བ་ཡིན་ན། སི་ཁཱོ་ཊིའི་ནང་འགལ་ཟླ་དང་ཕྱོགས་ཞེན་གྱི་རྙོང་ཟིང་ཆེན་པོ་འབྱུང་ངེས་ཡིན་པ་མ་ཟད། སི་ཁཱོ་ཊི་མི་མང་མང་ཆེ་བར་ཐག་གཅོད་གཉིས་པ་ཞིག་བྱེད་པའི་འདོད་པའང་མེད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་དབྱིན་ཇུའི་སྲིད་བློན་ཐི་རེ་ས་མཱེ་ལགས་ཀྱིས་སི་ཁཱོ་ཊིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཐག་གཅོད་དེར་བློ་ཕམ་ཡོད་ཚུལ་བརྗོད་ཡོད། མོས་ད་དུང་ “ང་ཚོས་རྒྱལ་ཁབ་ཀྱི་མ་འོངས་པ་ཐག་གཅོད་བྱེད་སྐབས། སི་ཁཱོ་ཊི་གཞུང་གིས་ཆབ་སྲིད་འཁྲབ་སྟོན་བྱས་ཏེ་སྡོད་པ་ལས་རང་ཉིད་ཀྱི་གཞུང་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་དགོས། ཆབ་སྲིད་ལས་དོན་ཐོག་རྩེད་མོ་རྩེད་ན་འགྲིག་གི་མ་རེད། ” ཅེས་བརྗོད་འདུག

ལྕམ་ནེ་ཁཱོ་ལཱ་ལགས་ཀྱིས་སི་ཁཱོ་ཊིའི་མི་མང་ལ་རང་བཙན་དང་དབྱིན་ཇུའི་རྒྱལ་ཁབ་བར་གདམ་ག་ཞིག་ངེས་བར་དུ་སྤྲོད་དགོས་ཞེས་བརྗོད་ཡོད། མོས་ད་དུང་གལ་སྲིད་དབྱིན་ཇུའི་མངའ་ཁོངས་ཡོངས་རྫོགས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་བྱས་ཀྱང་། སི་ཀོ་ཊའི་གཞུང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྱབ་ཁུངས་ནས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་བྱས་ཏེ་འདུག་རྒྱུ་ཡིན་ཞེས་བརྗོད་ཡོད།

སི་ཁཱོ་ཊི་གཞུང་ནི་ད་ལྟ་འདམ་ག་གལ་ཆེན་ཞིག་གི་སྣེ་མོར་བསླེབས་ཡོད་པ་དང་། སི་ཁཱོ་ཊིའི་སྲིད་བློན་ནེ་ཁཱོ་ལཱ་ལགས་ཀྱིས་ངས་ཐབས་ལམ་འདྲ་མིན་བརྒྱུད་དེ་དབྱིན་ཇུའི་གཞུང་གིས་སི་ཁཱོ་ཊི་མི་མང་ལ་འདམ་ག་ཞིག་སྤྲོད་པའི་ཐབས་ཤེས་ངེས་པར་དུ་བྱ་རྒྱུ་ཡིན། ཞེས་དང་། འདམ་ག་དེ་ནི་ “སི་ཁཱོ་ཊིའི་མི་མང་གིས་རང་བཙན་བདམས་ཏེ་དབྱིན་ཇུ་དང་ཡུ་རོབ་རྒྱལ་ཁབ་ཁག་དང་འདྲ་མཉམ་གྱི་ཕྱི་འབྲེལ་དང་ཚོང་འབྲེལ་འཛུགས་འདོད་ཡོད་དམ། ཡང་ན་དབྱིན་ཇུའི་གཞུང་དང་ལྷན་དུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་བུད་དེ་དཀའ་སྡུག་གི་འགྲུལ་བཞུད་ཅིག་ལ་སྟ་གོན་བྱ་འདོད་ཡོད་དམ།”ཅེས་བརྗོད་འདུག།

ལྕམ་ནེ་ཁཱོ་ལཱ་ལགས་ཀྱིས་བརྗོད་དོན། “སི་ཁཱོ་ཊིའི་མི་མང་ལ་འདམ་ག་སྒོ་འགྲམ་དུ་ཡོད་སྐབས་རང་ཉིད་ཀྱི་ཐོབ་ཐང་ལོངས་སུ་སྤྱད་དེ། ང་ཚོའི་མ་འོངས་པ་དེ་ཡག་པོ་ཞིག་འདེམས་དགོས་པ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས། རྗེས་མ་འགྱོད་པ་སྐྱེ་ན་ཕྱི་དྲགས་པ་རེད།” ཅེས་བརྗོད་ཡོད།

དབྱིན་ཇུ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་པ་དེས་ཡུ་རོབ་སྤྱིའི་སྲིད་འབྱོར་རིག་གསུམ་ཐོག་གཡོལ་འགུལ་ཆེན་པོ་ཞིག་བསླངས་ཡོད་པ་མ་ཟད། དབྱིན་ཇུ་གཞུང་ལའང་ཕྱོགས་གང་ཐད་ནས་གོམ་སྟབས་གསར་བ་ཞིག་ཆགས་ཡོད།

བསྐྱར་བཅོས།: ༢༠༡༧/༠༣/༡༥

Leave a Reply