སུད་ཚོང་པ་གཅིག་སྟོང་ལ་ལོ་ཕྱེད་རིང་ཧིན་སྒོར་འབུམ་གཅིག་རེ་གཡར་རྒྱུ་ཡིན།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སུད་ཚོང་གཉེར་མཁན་ཁྱིམ་ཚང་ ༣༥༠༠ ཙམ་ཡོད་པའི་ཚོད་དཔག་ཁྲོད། ད་ལོ་བཀའ་ཤག་གིས་ལོ་ཕྱེད་རིང་སུད་ཚོང་གཉེར་མཁན་ཁྱིམ་ཚང་ ༡༠༠༠ ལ་སྐྱེད་ཀ་བརྒྱ་ཆ་ ༣ བྱས་ཏེ་ཧིན་སྒོར་འབུམ་གཅིག་རེ་གཡར་རྒྱུ་ཡིན་འདུག

དེ་རིང་སྔོ་དྲོའི་ཆུ་ཚོད་ ༡༡ སྟེང་། གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སུད་ཚོང་གཉེར་མཁན་ཁག་ཅིག་ལ་བུན་དངུལ་གཏོང་ཕྱོགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསལ་བསྒྲགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་རྣམ་པ་གསུམ་ཕེབས་ཏེ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། ད་ལན་ཚང་མས་མཁྱེན་གསལ་ལྟར། ཉེ་ཆར་ང་ཚོའི་གྲོས་ཚོགས་ནང་དངུལ་རྩིས་བཀའ་ཁྲོལ་ཐོབ་ཚར་བ་རེད། དེའི་ནང་ནས་ང་ཚོའི་ལས་འཆར་གལ་ཆེ་བ་ཞིག་སྟེ་སུད་ཚོང་ཚོང་པའི་ཆེད་དངུལ་བུན་གཡར་རྒྱུའི་ལས་གཞི་ཞིག་སྤེལ་ན་ཞེས་དེ་སྔ་ནས་བཀའ་མོལ་འགྲོ་བསྡད་ཡོད་པ་རེད། བཤད་ཚུལ་ལ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་མི་འབོར་བརྒྱ་ཆ་ ༥༠ ཙམ་བཤད་ཀྱི་འཚོ་བ་དེ་སུད་ཚོང་ལ་བརྟེན་བསྡད་ཡོད་པ་རེད། ད་ལན་དངུལ་རྩིས་ནང་བཀའ་ཁྲོལ་ཐོབ་པ་གཞིར་བཟུང་ (USAid) བརྒྱུད་དེ་ཧིན་སྒོར་ཐེར་འབུམ་ (Crore) བརྒྱད་དེ་འབུམ་ ༨༠༠ དང་། དེ་བཞིན། བཀའ་ཤག་དཔལ་འབྱོར་ལས་ཁུངས་ནས་ཐབས་ཤེས་བྱས་པ་འབུམ་ ༢༠༠ བཅས་ཁྱོན་བསྡོམས་འབུམ་ ༡༠༠༠ བུན་གཡར་གྱི་ལས་གཞིའི་ཐོག་གཏོང་རྒྱུ་ཡིན།

དངུལ་བུན་དེ་བགོ་འགྲེམས་བྱེད་ཕྱོགས་ཐད་ལ་ད་ཆར་ཚོད་དཔག་བྱས་ན། སུད་ཚོང་གཉེར་མཁན་ཁྱིམ་ཚང་ ༣༥༠༠ ཙམ་ཡོད་པ་དང་། དེའི་ནང་ནས་ཁྱིམ་ཚང་ ༡༠༠༠ ལ་སྙོབ་ཐུབ་པའི་ལས་གཞི་སྤེལ་ཏེ། སུད་ཚོང་ཁྱིམ་ཚང་གཅིག་ལ་ཧིན་སྒོར་འབུམ་རེ་གནང་རྒྱུ་བྱས་ཡོད། དེས་སུད་ཚོང་ཁྱིམ་ཚང་པ་ཡོངས་ཀྱི་བརྒྱ་ཆ་ ༣༠ མ་ཟིན་ཙམ་ལ་སྙོབ་ཐུབ་ཀྱི་ཡོད་པ་རེད། དེའི་རྒྱབ་བརྟེན་གྱི་བསམ་བློ་དེ་ག་རེ་རེད་ཟེར་ན། ཕྱོགས་གཅིག་ནས་སུད་ཚོང་གཉེར་ནས་འཚོ་བ་སྐྱེལ་བ་དང་། གཉིས་ནས་ང་ཚོས་ཞིབ་འཇུག་བྱས་པ་ལྟར་ན། སུད་ཚོང་གཉེར་མཁན་ཚོར་བུ་ལོན་གཡར་ས་ཁ་ཤས་ཡོད་པའི་གཅིག་དེ་ལུ་ཌེ་ཡ་ན་ (Ludhiana) རུ་ཡོད་པའི་རྒྱ་གར་ཚོང་དཔོན་ཚོའི་ས་ནས་སུད་ཚོང་གི་བུ་ལོན་གཡར་གྱི་ཡོད་པ་དང་། གཉིས་པ་དེ་ས་གནས་དངུལ་ཁང་དང་། གསུམ་པ་དེ་མཉམ་འབྲེལ་སོགས་གཞན་དག་ནས་གཡུར་གྱི་འདུག དེ་དག་གི་སྐྱེད་ཀ་མ་མཐར་བརྒྱ་ཆ་ ༨ ནས་ ༡༨ བར་ཡིན་སྟབས་སྐྱེད་ཀ་མཐོན་པོ་རེད། ཅེས་གསུངས་སོང་།

ཁོང་གིས། ང་ཚོས་སུད་ཚོང་ཚོང་པ་རེ་རེར་ཧིན་སྒོར་འབུམ་གཅིག་རེའི་བུ་ལོན་གཡར་བ་ཡིན་ན། དེས་ཕན་ག་རེ་ཐོག་གི་རེད་ཟེར་ན། གཞན་ནས་སྐྱེད་ཀ་མཐོན་པོའི་ཐོག་ནས་བུ་ལོན་གཡར་བ་ལས་ང་ཚོའི་ས་ནས་སྐྱེད་ཀ་ཉུང་བའི་བུན་དངུལ་གཡར་ན་ཕན་ཐོགས་པ་རེད། གང་ཡིན་ཟེར་ན། ང་ཚོས་ཧིན་སྒོར་འབུམ་གཅིག་དེ་ཟླ་ ༦ ནང་སྐྱེད་ཀ་བརྒྱ་ཆ་ ༣ བྱས་ནས་གཡར་གྱི་ཡོད། ཟླ་དྲུག་ཟིན་རྗེས་བུ་ལོན་དེ་ཕྱིར་སློག་དགོས་ཀྱི་ཡོད་པ་རེད། བུ་ལོན་ལེན་མཁན་ཚོས་སྐྱེད་ཀ་ཆུང་ཆུང་ཞེ་དྲགས་འདུག་ཅེས་ལོ་གཉིས་གསུམ་ནང་བུན་དངུལ་ཕྱིར་མ་སློག་ན་འགྲིག་གི་ཡོད་པ་མ་རེད། བུན་དངུལ་གཡར་ནས་ཟླ་བ་བདུན་བརྒྱད་འགོར་ཚེ་ང་ཚོས་སྐྱེད་ཀ་ཇེ་མཐོར་གཏོང་གི་རེད། གང་ཡིན་ཟེར་ན། ཟླ་དྲུག་ནང་སུད་ཚོང་བརྒྱབ་ཚར་གྱི་ཡོད་སྟབས་བུ་ལོན་དེ་ཕྱིར་སློག་དགོས་ཀྱི་ཡོད་པ་རེད། ཕྱིར་བསློགས་རྗེས་ང་ཚོས་ལས་གཞི་གཞན་པའི་ཐོག་བེད་སྤྱོད་གཏོང་དགོས་ཀྱི་ཡོད་པ་རེད།

ལོ་རྗེས་མར་ང་ཚོས་དབྱར་ཚོང་རྒྱག་མཁན་ཚོར་ཡང་བུན་གཡར་ལས་གཞི་ཞིག་སྤེལ་འཆར་ཡོད་ལ། ས་ཞིང་འདེབས་མཁན་ཚོར་ཡང་བུན་དངུལ་འབུལ་བའི་ལས་གཞི་ཞིག་སྤེལ་འཆར་ཡོད། དེ་དང་འབྲེལ་བའི་ཚོང་ལས་འདྲ་མིན་སྣ་ཚོགས་གཉེར་མཁན་ཚོར་བུན་དངུལ་གཡར་བའི་ལས་གཞི་སྤེལ་རྒྱུ་ཡིན། དངུལ་འབོར་ག་ཚོད་ཡོང་གི་ཡོད་མེད་དེ་ཟླ་བ་བཅུ་གཅིག་བཅུ་གཉིས་རྗེས་སུ་གསལ་བོ་ཆགས་ཡོང་གི་རེད། ད་ལན་གཡར་བའི་བུ་ལོན་དེ་བརྒྱ་ཆ་བརྒྱ་ཕྱིར་སློག་པ་ཡིན་ན། མ་འོངས་ལས་གཞིར་འབུལ་རྒྱུའི་དངུལ་འབོར་ཡང་མང་དུ་འགྲོ་གི་རེད་ལ། ང་ཚོར་ཡིན་ན་ཡང་རོགས་དངུལ་གཡར་སས་ཡིད་ཆེས་བྱེད་ཀྱི་རེད།

དེར་བརྟེན་ང་ཚོས་གཡར་བའི་བུ་ལོན་དེ་ཕྱིར་སློག་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད། བུན་གཏོང་ལས་གཞི་འདིའི་ཆེད་དུ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ལུ་ཌེ་ཡ་ན་ (Ludhiana) རུ་སུད་ཚོང་ཚོགས་པའི་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དང་། ཚོགས་ཆེན་སྐབས་ཕྱག་རོགས་དཔལ་འབྱོར་བཀའ་བློན་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པའི་འགན་འཛིན་སྐལ་རྡོར་ལགས། དེ་བཞིན། དངུལ་ཁང་དང་བུར་གཡར་ལ་རྐང་འགན་འཁུར་མཁན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲས་ལགས་བཅས་བཅར་གྱི་ཡོད།

སྤྱི་ཡོངས་ནས་ ༢༠༡༡ དང་ ༢༠༡༢ ལོའི་དངུལ་རྩིས་ཀྱི་བསྡོམས་ (Crore) ༡,༡༡༩,༣༡༡,༧༤༤ ཡིན་པ་དང་། ༢༠༡༧ དང་ ༢༠༡༨ ལོའི་དངུལ་རྩིས་ཀྱི་བསྡོམས་ (Crore) ༢,༤༣༤,༦༡༨,༧༤༧ ཆགས་བསྡད་ཡོད་པ་རེད། དེས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། ཉིས་སྟོང་བཅུ་གཅིག་བཅུ་གཉིས་ནས་ཉིས་སྟོང་བཅུ་བདུན་བཅོ་བརྒྱད་བར་ང་ཚོའི་དངུལ་རྩིས་ཀྱི་བསྡོམས་དེ་ལྡབ་གཅིག་འཕར་ཡོད་པ་རེད། དེ་ནང་གསེས་དབྱེ་བ་ཕྱེས་པ་ཡིན་ན། ༢༠༡༡ དང་ ༢༠༡༢ ལོར་རྒྱུན་གྲོན་ (Crore) ༤ དང་། ༢༠༡༧ ནས་ ༢༠༡༨ བར་རྒྱུན་གྲོན་ (Crore) ༧ ལྷག་རེད། ༢༠༡༡ ནས་ ༢༠༡༢ ལོར་དམིགས་བསལ་ (Crore) ༣ ལྷག་དང་ ༢༠༡༧ ནས་ ༢༠༡༨ ལོར་དམིགས་བསལ་ (Crore) ༢༢ ལྷག་ཟིན་པ་དེ་ཞེ་དྲགས་འཕར་འདུག ཕོན་ཆེ་ཤོས་དེ་ག་བར་འཕར་ཡོད་པ་རེད་ཟེར་ན། དམིགས་བཀར་ལ་འབུམ་ ༧༤ དང་ད་ཆར་འབུམ་ ༡༥༩༥ འཕར་ཡོད་པ་དེ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༤/༠༦

Leave a Reply

2 thoughts on “སུད་ཚོང་པ་གཅིག་སྟོང་ལ་ལོ་ཕྱེད་རིང་ཧིན་སྒོར་འབུམ་གཅིག་རེ་གཡར་རྒྱུ་ཡིན།

  1. གངས་ཅན་ཕོ་ཉ།

    བུ་ལོན་སློག་མ་ཐུབ་ན་འཆར་གཞི་འདི་དང་འདི་ཞེས་མེད་པ་འདྲ། མི་ཧམ་པ་ཅན་རྣམས་ཀྱིས་གཞུང་དངུལ་ཟ་བའི་གོ་སྐབས་ཡག་པོ་འདུག

  2. ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་པའི་དུས་སུ་འཐེན་ཐུག་དཀར་ཡོལ་གང་ལ་སྒོར་ལྔ་བཅུ་རེད། དེང་སྐབས་ག་ཚོད་ཡིན་ནམ། དེའང་འཕར་ཡོད་ཚོད་རེད།