སེམས་ལ་ན་ཟུག་སྟེར་པའི་བྱིས་པའི་འདྲ་པར་གྲགས་ཅན་བཅུ།

ཐོ་དེབ་དྲ་བའི་༢༠༡༧།༤།༢ ཉིན་སྤེལ།
པར་རིས་ཀྱིས་སྤྲོ་སྣང་དང་གསོན་ཤུགས་སྦྱིན་ངེས་ཡིན་ལ། སྐྱོ་གདུང་དང་བློ་ཕམ་གྱི་ཚོར་བའང་སྦྱིན་ངེས་ཡིན། པར་རིས་ཀྱིས་སྐྱེ་བོ་ཁྲི་མ་འབུམ་གྱི་ཡིད་སེམས་འགུལ་ངེས་ཡིན་ལ། གོད་ཆག་དང་ངོ་མཚར་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཀྱང་བྱེད་ངེས་ཡིན། གཡོ་ཟོལ་གྱི་དྲི་མ་བྲལ་ཞིང་བྱིས་པའི་རང་གཤིས་ལས་གྲུབ་པའི་པར་རིས་ལས། དྲོ་སྐྱིད་ཀྱི་འོད་སྣང་དང་སྐྱོ་གདུང་གི་མིག་ཆུ་གཉིས་ཀ་སྦྱིན་པའི་ནུས་པ་ལྡན་ཡོད། པར་རིས་དག་སྐད་ཡིག་གི་ས་མཚམས་དང་ཡུལ་ལུང་གི་བར་མཚམས་མེད་པར་ཐད་ཀར་སྐྱེ་བོ་ཕོ་མོའི་སེམས་ཁོངས་སུ་འཐིམ་ངེས་ཡིན།

འདིར་སེམས་ལ་ན་ཟུག་ཆེ་ཆེར་བྱིན་ཅིང་། སྐྱེ་བོ་ས་ཡ་མང་པོར་གཡོ་འགུལ་ཐེབས་པའི་བྱིས་པའི་གྲགས་ཅན་འདྲ་པར་བཅུ་ངོ་སྤྲོད་བྱས་ཡོད།

༡༠༽ བྱིས་པ་འཆི་རྒྱུར་སྒུག་པའི་བྱ་རྒོད།

འདྲ་པར་དེས་དངོས་ཡོད་གནས་ཚུལ་ཞིག་གི་བདེན་དཔང་ར་སྤྲོད་བྱས་ཡོད། དེ་ཡང་། ནམ་མཁའ་གཡའ་དག་པའི་ཉིན་དེར། ལུས་ཟུངས་ཟད་དེ་ཡར་ལང་ཐབས་བྲལ་བའི་ཕྲུ་གུ་བུ་མོ་དེས་ཉེ་འཁོར་གྱི་ཟས་སྦྱིན་ཡུལ་ཞིག་ལ་ཁ་ཕྱོགས་ཏེ་བསྐྱོད། བུ་མོའི་རྒྱབ་ངོས་ཀྱི་བྱ་རྒོད་དེས་ཁོ་མོ་འཆི་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། པར་པས་འདྲ་པར་ལེན་པའི་སྐབས་བོུ་དེ་ད་དུང་གོག་བགྲོད་བྱེད་བཞིན་ཡོད་ལ། བྱ་རྒོད་དེས་ཁོ་མོ་གཡོ་འགུལ་བྱེད་པ་ཤེས་སྟབས་གམ་དུ་གཅར་ཐུབ་ཀྱི་མེད། ཁོ་མོ་ནི་ཕྱི་ལོ་ ༡༩༩༣ ལོར་ལྷོ་ཕྱོགས་སུ་དྷན་(South Sudan)གྱི་མི་སེར་གྲངས་ལས་འདས་པ་ལྟོགས་ཤི་ཐེབས་པའི་གྲས་ཀྱི་གཅིག་ཡིན། པར་རིས་དེས་སྐབས་དེའི་སུ་དྷན་མི་རིགས་ཀྱི་ཡ་ང་བའི་གནས་བབ་ཡུལ་གྲུ་ཀུན་ལ་གསལ་སྟོན་བྱས་ཡོད་པ་མ་ཟད། མི་མང་པོའི་བཟང་ཕྱོགས་ཀྱི་བློ་ཁ་ཕྱེ་ཐུབ་པ་བྱུང་ཡོད། འོན་ཀྱང་། འདྲ་པར་དེ་ལོ་དེའི་ཨ་རིའི་ནེའུ་ཡོག་དུས་བབ་ཏུ་འདོན་སྤེལ་བྱས་རྗེས། པར་པས་བྱིས་པ་དེ་སྐྱོབ་ཐབས་མི་བྱེད་པ་གང་ཡིན་ཟེར་བ་དེ་མི་མང་པོའི་དྲི་བ་ཆེ་ཤོས་དེ་ཆགས། པར་པས་བྱ་རྒོད་ཕར་དེད་པ་ཙམ་ལས་བོུ་དེ་སྐྱོབ་ཐབས་བྱས་མེད་པ་དངོས་བདེན་ཡིན། མུ་གིས་མནར་བའི་མིར་ལག་པ་འཇུ་བཟུང་བྱས་ན་ནད་རིགས་ཁྱབ་བརྡལ་འགྲོ་བའི་ཉེན་ཁ་ཆེ་སྟབས། གསར་འགོད་པས་ཐད་ཀར་ལག་པ་འཆིང་མི་ཆོག་པ་མི་མང་པོས་ཤེས་ཀྱི་མེད། གང་ལྟར། འདྲ་པར་ལེན་མཁན་སྐུ་ཞབས་ཀེ་ཝན་ཀཱ་ཊར་ལ་ཕྱོགས་གང་ས་ནས་སྐྱོན་བརྗོད་དང་གནོན་ཤུགས་སྣ་ཚོགས་སྤྲད་ཡོད་ལ། ལོ་གཅིག་གི་རྗེས་ཁོང་སེམས་ནད་ཀྱིས་རང་སྲོག་གཅོད་དགོས་བྱུང་ཡོད།

༩༽ སི་རི་ཡའི་བྱིས་པ་སྐྱབས་བཅོལ་བ་ཞིག་གི་ལས་དབང་།

པར་པ་ནི་ལུ་ཧྥར་དྷི་མིར་(Nilufer Demir)གྱིས་དང་ཐོག་མཚོ་མཐའི་བྱིས་པའི་ཕུང་པོ་དེ་མཐོང་སྐབས། གཉིད་དུ་ཡུར་བའི་བྱིས་པ་ཞིག་རེད་ཨང་སྙམ། མཐར་ཁོང་གིས་འདྲ་པར་འགའ་ཞིག་བླངས་ཏེ་གཡོ་འགུལ་མེད་པའི་བེམ་པོའི་མྱ་ངན་གྱི་འབོད་སྒྲ་མཚོན་པར་བྱས་ཡོད། བྱིས་པ་དེའི་མིང་ལ་ཨེ་ལན་ཟེར་བ་དང་ལོ་གཉིས་ལས་སོན་མེད། སི་རི་ཡའི་ནང་འཁྲུག་གི་གོད་ཆག་ཁྲོད་ཨེ་ལན་དང་འདྲ་བའི་ཉེས་མེད་མི་སེར་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བ་དང་། མི་འབོར་ས་ཡ་མང་པོ་གནས་ངེས་མེད་ཀྱི་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད། ཨེ་ལན་གྱི་ནང་མིའི་གནས་སྟངས་འདྲ་བ་ནི་ཧ་ཅང་རྒྱུན་ལྡན་གྱི་གནད་དོན་ཞིག་ཆགས་ཡོད། སྲོག་ཉེན་ལས་ཐར་ཙམ་དང་ལྟོགས་པ་ཕྲན་བུ་སེལ་ཕྱིར་སི་རི་ཡའི་སྐྱབས་བཅོལ་བ་ཚོས་འཇིགས་སུ་རུང་བའི་ལམ་བུ་བརྒྱུད་དེ་སྐྱབས་ཡུལ་འཚོལ་དུ་འགྲོ་དགོས་པ་རེད། ཕྱི་ལོ་ ༢༠༡༥ ལོར་ཨེ་ལེན་གྱི་ནང་མི་རྣམས་ཀྱིས་ཅི་བྱ་གཏོལ་མེད་ངང་ཤོང་ཚད་ལས་ལྡབ་འགྱུར་གྱིས་འགལ་བའི་ནག་འཚོང་བའི་གདུང་གྲུའི་(raft)ནང་ཞུགས་ཏེ་བྲོས་བྱོལ་དུ་འགྲོ་སྐབས། གདུང་གྲུ་ལོག་སྟེ་མི་རྣམས་མཚོ་ནང་དུ་བྱིང་། བེམ་རོ་མཚོ་ཁར་གཡེངས་ཏེ་གྷི་རིག་མཚོ་མཐར་ལྷགས། ཨེ་ལེན་གྱི་བེམ་རོ་ནི་དེ་དག་ཁྲོད་ཀྱི་གཅིག་ཡིན། འདྲ་པར་དེ་དྲ་ལམ་དུ་སྤེལ་ཏེ་ཡུན་རིང་མ་འགོར་བར་མི་ས་ཡ་མང་པོས་དོ་སྣང་བྱས་ཡོད་པ་མ་ཟད། བརྗེད་ལ་ཉེ་བའི་སི་རི་ཡའི་ནང་འཁྲུག་སྐོར་གླེང་སློང་བྱེད་པའི་ཁ་ཕྱོགས་གསར་པར་གྱུར།

༨༽པཱི་པི་ཀར་སྡོད་སྒར་གྱི་ནང་མི་ཞིག

འདྲ་པར་དེ་ནི་ཕྱི་ལོ་ ༡༩༣༠ ནང་ཨ་རི་སོགས་ཡུལ་གྲུ་མང་པོར་དཔལ་འབྱོར་ཉམས་རྒུད་དྲག་པོས་(great depression)གཙེས་པའི་དུས་སྐབས་སུ་བླངས་པ་ཞིག་ཡིན། དུས་སྐབས་དེའི་འཚོ་བ་དངོས་ཀྱི་རང་མདངས་མཚོན་པའི་འདྲ་པར་སྐད་གྲགས་ཆེ་ཤོས་དེ་རེད། འདྲ་པར་ནང་གི་ནང་མི་དེའི་གནས་སྟངས་ལྟར། སྐབས་དེར་དཔལ་འབྱོར་ཉམས་རྒྱུད་ཆེན་མོ་དེས་བུད་མེད་དང་བྱིས་པ་མང་པོ་ལམ་ཟུར་དུ་ཁ་ཟས་མི་སློང་ཀ་མེད་ཆགས་པ་རེད།

སྤྱིར་སྐབས་དེར་འདྲ་པར་ལེན་པ་ཧ་ཅང་དཀོན་པོ་ཡིན། འོན་ཀྱང་པར་པ་ཌོ་རོ་ཐི་(Dorothea)ལམ་ཞོར་དུ་ཅི་ཞིག་གིས་བསྐུལ་བ་ལྟར། པཱི་པི་ཀར་(Pea Picker)ཞེས་པའི་ཉམ་ཐག་སྡོད་སྒར་གྱི་ཕྱོགས་སུ་བསྐྱོད། གནས་དེར་ལོ་ཉེས་ཀྱི་རྐྱེན་པས་མི་སྟོང་ཕྲག་མང་པོར་ཟ་མ་མེད་པ་དང་ལས་ཀའང་མེད་པར་གནས་སྡོད་བྱེད་ཀྱིན་ཡོད། ཌོ་རོ་ཐི་ཡིས་རང་ལོ་ ༣༢ ལ་སོན་པའི་ཨ་མ་ཞིག་ལ་ཕྲུ་གུ་བདུན་ཡོད་པ་དེའི་སར་བཅར། ཨ་མ་དེའི་མིང་ལ་ཐོམ་སོན་ཟེར་བ་དང་། ཁོ་མོས་ཁ་ཟས་ཀྱི་ཆེད་དུ་རང་ཉིད་ཀྱི་རླངས་འཁོར་གྱི་འཁོར་ལོ་བཙོངས་པ་དང་། ཕྲུ་གུ་ཚོས་བསད་པའི་བྱ་བྱིའུ་ཡི་ཤ་བཟས་པ་སོགས་ཀྱི་དཀའ་སྡུག་མྱངས་ཡོད། འདྲ་པར་ནང་གི་བུད་མེད་དེ་ནི་ཕྲུ་གུ་ཚོའི་ཨ་མ་ཐོམ་སོན་ཡིན་པ་དང་། ཁོ་མོའི་གདོང་གི་རྣམ་འགྱུར་ལས་བཀྲེས་སྐོམ་གྱི་གདུང་བ་གསལ་པོར་མངོན་ཡོད། འདྲ་པར་དེ་ཚགས་ཤོག་ཐོག་སྤེལ་ཏེ་ཡུན་རིང་མ་འགོར་བར། ས་གནས་དེར་ཟས་རིགས་ཀི་ལོ་ ༩༡༠༠ རོགས་རམ་ཐོབ་པ་བྱུང་ཡོད།

༧༽ ཁང་ཐོག་ནས་ལྷུང་བཞིན་པའི་བྱིས་པ།

འདྲ་པར་དེ་ནི་ཕྱི་ལོ་ ༡༩༧༥ ལོར་ཨ་རིའི་གྲོང་ཁྱེར་བྷོ་སི་ཏོན་(Boston)དུ། ཐོག་རྩེག་ཅན་གྱི་ཁང་ཁྱིམ་ཞིག་ལ་མེ་སྐྱོན་ཤོར་སྐབས་བླངས་པ་ཞིག་ཡིན། ཐོག་རྩེག་ལས་ལྟུང་བཞིན་པའི་བུ་མོ་དེའི་མིང་ལ་ཏཱ་རེ་ཟེར་བ་དང་ལོ་གཉིས་ལ་སོན་ཙམ་ཡིན། ཏཱ་རེ་དང་ཁོ་མོའི་ཨ་མ་ཟུང་ཉེན་སྐྱོབ་པས་སྐྱོབ་ཐབས་བྱེད་པའི་འ་འུར་ཟང་ཟིང་ཁྲོད། མེ་སྐྱོན་ཤུགས་ཆེ་བས་ཅི་བྱ་གཏོལ་མེད་ངང་སར་མཆོངས། ཏཱ་རེ་ཡི་ཨ་མ་སར་ལྟུང་ཤུགས་ཆེ་དྲགས་པས་གྲོངས། ཁོ་མོ་ཨ་མའི་ལུས་སྟེང་དུ་ཟགས་རྐྱེན་སྲོག་ཉེན་ལས་ཐར་ཐུབ་པ་བྱུང་ཡོད། པར་པ་ཧྥོར་མན་(Forman)གྱིས་སྐབས་དེར་རྒྱུན་ལྡན་ལྟར་མེ་སྐྱོན་མྱུར་སྐྱོབ་བྱེད་པའི་འདྲ་པར་ལེན་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ། མ་མད་གཉིས་རྐྱལ་རྒྱག་པ་ལྟར་ཁང་ཐོག་ནས་ལྷུང་བ་འདྲ་པར་ལེན་ཐུབ་པ་བྱུང་རུང་། སར་ལྷུང་མཚམས་མིག་གིས་ལྟ་མི་ཕོད་པར་གྱུར།

པར་པ་ཧྥོར་མན་གྱི་ལས་དོན་དེར་(Pulitzer Prize)པུ་ལི་ཛར་གཟེངས་རྟགས་ཐོབ་པ་དང་། འདྲ་པར་དེས་མི་རིང་བར་ཨ་རིའི་ནང་གི་མྱུར་སྐྱོབ་ལས་གཞི་ཚགས་ཚུད་དགོས་པའི་གླེང་གཞི་ཆེ་ཤོས་ཤིག་བཟོས་པ་མ་ཟད། སྲིད་གཞུང་གིས་མེ་སྐྱོན་མྱུར་སྐྱོབ་ལས་གཞིར་དོ་ཁུར་ཆེ་རུ་གཏོང་དགོས་པ་བཟོས་ཡོད།

༦༽ སྲིང་བལ་བཟོ་གྲྭའི་ན་ཆུང་ལས་མི།

འདྲ་པར་དེ་ནི་ཕྱི་ལོ་ ༡༩༠༨ ལོར་ཨ་རིའི་ས་གནས་ཁ་ལོ་རི་ནའི་བཟོ་གྲྭ་ཞིག་གི་ནང་བླངས་པ་རེད། འདྲ་པར་ལེན་མཁན་སྐུ་ཞབས་ལི་ཝི་སི་མཆོག་ནི་ན་ཆུང་བྱིས་པའི་སློབ་གཉེར་གྱི་དུས་སྐབས་བཟང་པོ་བཙན་འཕྲོག་བྱས་ཏེ། བཟོ་གྲྭ་དང་ཞིང་ཁ་སོགས་ལས་རིགས་འདྲ་མིན་ཐོག་བཀོལ་སྤྱོད་བྱེད་པའི་ནག་ཉེས་ཞིབ་འཇུག་དང་ཐེར་འདོན་གནང་མཁན་དང་བླང་བ་ཞིག་ཡིན། ཁོང་གིས་མི་སྣ་འདྲ་མིན་དུ་བརྫུས་ཏེ་ལས་གྲྭ་དེ་དག་གི་ཡ་ང་བའི་བྱིས་པའི་གནས་སྟངས་ཤེས་རྟོགས་དང་། འདྲ་པར་ལེན་ཐབས་བྱས་པར་བརྟེན། ཡང་ནས་ཡང་དུ་རྡུང་རྡེག་ཕོག་པ་མ་ཟད་ཐེངས་མང་པོར་སྲོག་ཉེན་ཡང་བྱུང་ཡོད། ཁོང་གིས་བཟོ་གྲྭར་བཙན་ཤུགས་ཀྱིས་ལས་ཀ་བྱེད་པའི་བྱིས་པ་དང་། སྲང་ལམ་དུ་ཚགས་པར་འཚོང་འགྲིམ་བྱེད་པའི་བྱིས་པ་མང་པོའི་གནད་དོན་ཁྱབ་བསྒྲགས་བྱས་པ་རེད།

པར་རིས་དེའི་ནང་གི་བུ་མོ་ལོ་ཆུང་དེའི་མིང་ལ་སཱ་དྷི་ཧྥེ་བྷར་ཟེར། ཁོ་མོས་ཤིན་ཏུ་བོངས་ཚད་ཆེ་བའི་འཕྲུལ་ཆས་ཀྱིས་ཁེངས་བའི་སྲིང་བལ་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱེད་ཀྱིན་ཡོད། འཕྲུལ་ཆས་ཀྱི་ཡན་ལག་འགའ་ཞིག་བུ་མོ་གཟུགས་ཕུང་ལས་མཐོ་བ་ཡོད་སྟབས། སྐབས་འགར་འཕྲུལ་ཆས་སྟེང་འཛེག་དགོས་ཀྱི་ཡོད། འདྲ་པར་དེས་ཡུལ་ཕྱོགས་གང་སར་བྱིས་པའི་ངལ་རྩོལ་(child labour)དང་བྱིས་པའི་རང་དབང་ཐོབ་ཐང་སྐོར་བགྲོ་གླེང་བྱེད་པའི་སྒོ་མོ་གསར་པ་ཞིག་ཕྱེ་ཐུབ་པ་བྱུང་ཡོད།

༥༽ འགག་སྒོར་ཕ་མ་བསད་རྗེས་གདུང་འབོད་བྱེད་པའི་ཨི་རག་གི་བུ་མོ།

འདྲ་པར་ནང་གི་བུ་མོ་དེའི་མིང་ལ་སཱ་མར་ཧ་སན་(Samar Hassan)ཟེར། ཕྱི་ལོ་ ༢༠༠༥ ལོའི་མཚན་མོ་ཞིག་ལ། སཱ་མར་ཧ་སན་གྱི་ཕ་མ་གཉིས་ཀྱིས་རླངས་འཁོར་ཞིག་གི་ནང་དུ། ཁོ་མོའི་གཅེན་པོ་སྨན་ཁང་ནས་བླངས་ཏེ་ལོག་འགྲོ་བའི་ལམ་བར་གྱི་འགག་སྒོར། ཨ་རིའི་དམག་མིས་འབར་གས་ལྷན་རང་སྲོག་འདོར་(suicide bomber)ཐབས་བྱེད་པའི་ཨི་རག་གི་མི་ཡིན་པར་དོགས་ཏེ། རླངས་འཁོར་ལ་མེ་མདའ་བསྟུད་མར་བརྒྱབ་པས། བུ་མོ་སཱ་མར་ཧ་སན་མ་གཏོགས་ནང་མི་ཚང་མ་དེ་མུར་དམར་གསོད་བཏང་། སྐབས་དེར་ཨི་རག་ཏུ་དམག་འཐབ་བྱེད་པའི་ཨ་རིའི་དམག་མི་རྣམས་ལ་དོགས་གཞི་དང་ཉེན་ཁ་ཡོད་སར་རང་སྲུང་བྱེད་པའི་ཐབས་ལམ་གང་སྤྱད་ཀྱང་ཆོག་པའི་རང་དབང་སྤྲད་ཡོད་སྟབས། ཉེས་མེད་མི་སེར་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད། པར་པ་ཀི་རི་སི་ཧོན་ཌོ་སི་(Chris Hondros)ཡིས་དམག་འཁྲུག་གི་འདྲ་པར་བཀག་འགོག་བྱས་མིན་ལ་མ་ལྟོས་པར་ནུབ་ཕྱོགས་ཡུལ་གྲུར་འདྲ་པར་དེ་ཆེད་མངགས་ཁྱབ་སྤེལ་བྱས་པ་རེད།

བུ་མོ་དེའི་གདོང་གི་རྣམ་འགྱུར་གྱིས་དམག་འཁྲུག་གིས་བསྐྲུན་པའི་ཉམ་ཆུང་མི་སེར་གྱི་ན་ཟུག་མཚོན་ཡོད་ལ། ཨི་རག་དམག་འཁྲུག་སྐབས་ཀྱི་འདྲ་པར་གལ་ཆེ་ཤོས་དེ་ཆགས་ཡོད། ཨ་རིའི་གཞུང་གིས་ཨི་རག་མི་སེར་གྱི་བདེ་སྡུག་རང་དབང་ཆེད་དམག་འཐབ་བྱེད་པའི་འབོད་སྒྲ་དེར་ཡང་དོགས་པ་སྐྱེ་གཞི་ཞིག་ཏུ་གྱུར། འདྲ་པར་དེས་ཨ་རིའི་པན་ཊ་ཀོན་(Pentagon)གྱིས་ཨི་རག་ནང་གི་འགག་སྒོའི་སྲིད་ཇུས་འགྱུར་བ་གཏོང་དགོས་པ་བཟོས་ཡོད། པར་པ་སྐུ་ཞབས་ཀི་རི་སི་ཧོན་ཌོ་ས་ཕྱི་ལོ་ ༢༠༡༡ ལོའི་ལི་བྷི་ཡའི་(Libya)ནང་འཁྲུག་སྐབས་སྐུ་གཤེགས།

༤༽ མགོ་བཏགས་ཞུ་བའི་འཇིའུ་ཡི་ཕྲུ་གུ།

ཕྱི་ལོ་ ༡༩༤༣ ཟླ་ ༤ ཚེས་ ༡༩ ཉིན་ཝར་སོ་(Warsaw)བཙོན་ཁང་གི་འཇིའུ་(Jewish)བཙོན་པ་ཚོས་འུ་ཐུག་ཐབས་ཟད་ཀྱིས་ཇར་མན་དཔུང་དམག་ལ་དྲག་པོའི་ངོ་རྒོལ་བྱས། བཙོན་ཁང་དེ་ནི་ལྟོགས་ཤི་དང་དམར་གསོད་ཀྱི་ར་བ་ཞིག་ཡིན་སྟབས་བཙོན་པ་ཚོའི་མདུན་དུ་འདམ་ག་དེ་ལས་ལྷག་མེད། འོན་ཀྱང་ཇར་མན་དྲག་སྤྱོད་པས་མེ་སྒྱོགས་ཀྱིས་ཡ་ལན་སྤྲད་པ་དང་། གསོན་པོར་གནས་པའི་མི་གྲངས་ ༥༦༠༠༠ ཙམ་གྱིས་སྲོག་ཁྲིམས་དང་ངལ་རྩོལ་ཁྲིམས་ར་ཅི་རིགས་ཀྱི་མནར་གཅོད་མྱོང་དགོས་བྱུང་། འདྲ་པར་ནང་གི་ལོ་བཅུ་ཙམ་ལས་མ་སོན་པའི་ཕྲུ་གུ་དེའི་ལས་དབང་ཡང་དེ་ལྟར་རྫོགས་པ་རེད།

འདྲ་པར་དེ་ནི་ནཱ་ཛིའི་(Nazi)དམག་དཔོན་སི་ཊུབ་(Stroop)ཞེས་པས་པར་དུ་བླངས་ཏེ། སི་ཊུབ་སྙན་ཐོ་ཞེས་བྲིས་པའི་ཡིག་སྣོད་ཅིག་གི་ནང་། རང་ཉིད་ཀྱི་བྱས་རྗེས་ཀྱི་དཔང་རྟགས་ཉར་ཚགས་བྱས་པའི་འདྲ་པར་མང་པོའི་ཁྲོད་ཀྱི་གཅིག་ཡིན། མཐར་ཁོ་པས་བྱས་རྗེས་སུ་ངོས་འཛིན་བྱས་པའི་ཡིག་ཆ་དེ་དག་རང་མགོ་ཆུ་འདྲེན་དུ་གྱུར། གང་ལགས་ཤེ་ན། ཇར་མན་དམག་འཐབ་ལས་ཕམ་རྗེས་ཁོ་པས་འཇིའུ་མི་རིགས་ཐོག་ལག་ལེན་བྱས་པའི་ནག་ཉེས་གསལ་སྟོན་བྱེད་པའི་དཔང་རྟགས་སུ་གྱུར་སྟེ་ཁོ་པར་སྲོག་ཁྲིམས་ཕོག་པ་རེད། འདྲ་པར་ནང་གི་ཕྲུ་གུ་དེས་དམག་ཆེན་གཉིས་པའི་སྐབས་ཚེ་ལས་འདས་པའི་འཇིའུ་ས་ཡ་དྲུག་གི་གདོང་རིས་མཚོན་པ་ཡིན།

༣༽ འབར་གས་ཀྱི་འཇིགས་པ་ལས་གཡོལ་ཐབས་བྱེད་པའི་ཕྲུ་གུ།

ཕྱི་ལོ་ ༡༩༧༢ ལོའི་ཝི་ཐི་ནམ་དམག་འཁྲུག་སྐབས། ཨ་རིའི་མཁའ་དམག་གིས་ཝི་ཐི་ནམ་གྱི་ཕྲུ་གུ་ཁག་ཅིག་དགྲ་བོར་འཁྲུལ་ཏེ་གྲོང་ཚོར་རྡོ་སྣུམ་གྱི་འབར་གས་(Napalm)གྲངས་མེད་གཡུགས། ཕྲུ་གུ་རྣམས་སྲོག་ཉེན་ལས་ཐར་ཆེད་འཇིགས་སྐྲག་ཆེན་པོས་སྨྲེ་སྔགས་འདོན་བཞིན་བྲོས། པར་པ་ནིག་(Nick)པར་པ་གཞན་ཁག་ཅིག་དང་ལྷན་དུ་སྡོད་སའི་ཕྱོགས་སུ་ཕྲུ་གུ་རྣམས་བྲོས་ཡོང་སྐབས། རྒྱང་ཐག་མི་རིང་བ་ནས་པར་ལེན་ཐུབ་པ་བྱུང་། འདྲ་པར་ནང་གི་བུ་མོ་དང་པོ་དེའི་གྱོས་ཆས་རྡོ་སྣུམ་གྱི་མེས་འཚིག་སྟེ། ཨ་ཚ། ཨ་ཚ་ཞེས་སྨྲེ་སྔགས་འདོན་བཞིན་བྲོས་ཡོང་གི་ཡོད། པར་པ་རྣམས་ཀྱིས་དེ་མ་ཐག་ཕྲུ་གུ་རྣམས་ལ་རོགས་སྐྱོར་བྱེད་པར་རྒྱུགས། འདྲ་པར་དེའི་ནང་གི་བུ་མོ་དེའི་མིང་དངོས་ལ་ཧྥན་ཐི་ཀིམ་ཧྥུག་ཟེར་བ་དང་། ཡོངས་གྲགས་སུ་ན་པམ་བུ་མོ་(Napalm Girl)ཞེས་འབོད་ཀྱི་ཡོད། འདྲ་པར་དེ་ནི་དམག་འཁྲུག་སྐབས་ཀྱི་པར་རིས་ཤུགས་རྐྱེན་ཆེ་ཆོས་སྤྲོད་མཁན་གྲས་ཀྱི་གཅིག་ཡིན།

༢༽ མངལ་གནས་ཕྲུ་གུའི་འདྲ་པར་དང་པོ།

འདྲ་པར་དེ་ནི་ཕྱི་ལོ་ ༡༩༦༥ ལོར་སུ་ཝི་ཌན་(Sweden)གྱི་རྒྱལ་ས་སི་ཊོཀ་ཧོམ་(Stockholm)དུ་བླངས་པ་ཞིག་རེད། དེ་ནི་མིའི་རིགས་ཀྱིས་མངལ་དུ་ཕྲུ་གུ་ཆགས་རིམ་གྱི་གསང་བ་ཤེས་རྟོགས་བྱུང་བ་ཐོག་མ་དེ་ཡིན། མངལ་དུ་ཕྲུ་གུ་ཇི་ལྟར་ཆགས་ཚུལ་གྱི་འཆར་སྣང་དང་རྟོག་བཟོ་མི་འདྲ་བ་མང་པོ་ཞིག་ལ་ལན་འདེབས་བྱས་ཡོད། འདྲ་པར་དེ་ཚེ་སྲོག་དུས་དེབ་(life magazine)ཅེས་པས་པར་སྐྲུན་བྱས་མ་ཐག་ངོ་བཤུས་ས་ཡ་བརྒྱད་ཚོང་འགྲེམ་བྱེད་ཐུབ་པ་བྱུང་བ་དང་། པར་པ་ཞིག་གིས་དེ་ལྟར་ཚད་མཐོའི་གྲུབ་འབྲས་བཏོན་པར་མི་རྣམས་ངོ་མཚར་སྐྱེས་པ་མ་ཟད། མངལ་གནས་ཕྲུ་གུ་དེ་ཡང་སྙིང་མི་ངོ་མ་ག་དུས་ཆགས་ཀྱི་ཡོད་དམ། ཞེས་པའི་དོགས་གཞི་གསར་པ་ཞིག་ཀྱང་བྱུང་།

སྐུ་ཞབས་ལེ་ནར་ཊ་ནིལ་སོན་(Lennart Nilsson)གྱིས་མངལ་གནས་ཕྲུ་གུའི་འཚར་ལོངས་དང་འཕེལ་རིམ་ཤེས་རྟོགས་བྱེད་པར་དུས་ཡུན་ལོ་ངོ་ཧྲིལ་པོ་བཅུ་གཉིས་བཏང་བ་དང་། མངལ་གནས་ཕྲུ་གུའི་འདྲ་པར་ལེན་རྒྱུ་མི་སྲིད་པ་ཞིག་རེད་སྙམ་ཡོད་ཀྱང་། གང་ལྟར་ལེགས་འགྲུབ་བྱེད་ཐུབ་པ་བྱུང་ཡོད། ཁོང་གིས་ལོ་རྒྱུས་གསར་པ་ཞིག་གི་སྒོ་མོ་ཕྱེ་བ་ཙམ་དུ་མ་ཟད། འདྲ་པར་དེ་བྱིས་པ་བཙའ་དུས་མ་རན་གོང་ནས་མངལ་ནས་དབྱུང་བའི་བྱ་སྤྱོད་ངན་པ་(antiabortion)འགོག་སྲུང་ངམ། གསོན་གནས་ཀྱི་ཐོབ་ཐང་(right to life)སྲུང་བའི་མཚོན་རྟགས་སུ་གྱུར།

༡༽ ཉི་ཧོང་གིས་རྒྱ་མི་སྐྱབས་བཅོལ་བའི་ཐོག་འབར་མདེལ་གཡུགས།

འདྲ་པར་དེ་ནི་འཛམ་གླིང་ནང་ཤུགས་རྐྱེན་ཆེ་ཤོས་སྤྲོད་མཁན་དེ་ཡིན། ཕྱི་ལོ་ ༡༩༣༧ ལོའི་ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པའི་ཉིན། ཉི་ཧོང་གིས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་སུ། རྒྱ་མི་སྐྱབས་བཅོལ་བ་འཚང་ཁ་ཤིག་ཤིག་བྱེད་བཞིན་པའི་ཁྲོད་འབར་མདེལ་གཡུགས། འདྲ་པར་དེ་ནི་འབར་མདེལ་གཡུགས་ནས་སྐར་མ་འགའ་ཞིག་ལས་མ་འདས་པའི་མཚམས་སུ་བླངས་པ་ཞིག་ཡིན། འདྲ་པར་ལེན་མཁན་སྐུ་ཞབས་ཝང་གིས་མེ་འཁོར་འབབ་ཚུགས་སུ་ཤི་རྨས་བྱུང་བའི་འཇིགས་སྐྲག་ཆེ་བའི་གནད་དོན་གླེང་བ་མ་ཟད། རང་ཉིད་ཀྱི་ལྷམ་ཟུངས་ཁྲག་གིས་བརླན་པའི་སྐོར་བརྗོད་ཡོད།

པར་པ་ཝང་གིས་ “ངས་ཡ་ང་བའི་བྱིས་པ་དེ་མེ་འཁོར་ལྕགས་ལམ་ཐོག་ཁེར་རྐྱང་མཐོང་བྱུང་། ཁོ་པའི་ཨ་མ་འཁྲིས་དེར་ཤི་འདུག ངས་བྱིས་པ་དེར་རོགས་རམ་མ་བྱས་གོང་འདྲ་པར་བླངས་པ་ཡིན། མི་རིང་བར་ཁོ་པ་རང་ཉིད་ཀྱི་ཕས་ཁྱེར་སོང་།” ཞེས་བརྗོད།

འདྲ་པར་དེ་རྒྱ་ནག་གི་གསར་ཤོག་ཐོག་འདོན་སྤེལ་བྱས་རྗེས་ཨ་རི་སོགས་ཡུལ་ཕྱོགས་གང་སར་ཁྱབ་པ་མ་ཟད། མི་ས་ཡ་མང་པོས་གདུང་སེམས་མཉམ་སྐྱེད་བྱས་ཡོད། ཕྱོགས་གང་ས་ནས་ཉི་ཧོང་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཨ་རི་དམག་འཁྲུག་ནང་ཞུགས་པའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད།

མཆན། ཁེ་ལི་མིན་ཊར(Kellie Mclntyre)ལགས་ནི་སྤྱི་ཚོགས་བརྒྱུད་ལམ་དང་དྲ་བ་སོགས་ཀྱི་ཐོག་ལས་དོན་གཉེར་བའི་རང་དབང་གི་གསར་འགོད་པ་ཞིག་ཡིན། ཁོང་གིས་ལོ་རྒྱུས་དང་། ཚན་རིག པོབ་རིག་གཞུང་(pop cuture)སོགས་དང་། དེ་བཞིན་དཔེ་དེབ་དང་གློག་བརྙན་སོགས་ཀྱི་སྐོར་བསྐྱར་ཞིབ་གནང་གི་ཡོད།

ཁེ་ལི་མིན་ཊར་གྱིས་སྤེལ་བ་སྐལ་ལྡན་གྱིས་བསྒྱུར།

བསྐྱར་བཅོས།: ༢༠༡༧/༠༤/༡༡

Leave a Reply

2 thoughts on “སེམས་ལ་ན་ཟུག་སྟེར་པའི་བྱིས་པའི་འདྲ་པར་གྲགས་ཅན་བཅུ།

  1. སྲས་སྐུ་ངོ་།

    གོང་གི་པར་གསུམ་པ་དེ་ ༡༩༧༢ལོིའི་༦་ཚེས་༨ ཉིན་བྱུང་བའི་གནས་ཚུལ་ཞིག་ཡིན། པར་དེའི་ནང་གི་བུ་མོ་དེའི་མིང་ལ་ Phäntön Thi Kim Phuc འབོད། སྐབས་དེར་མོ་རང་ལོ་དགུ་རེད་། རྗེས་སུ་ཁ་ཎ་ཌེའི་ནང་དུ་སྐྱབས་བཅོལ་བླངས་ཡོད་ལ། དེང་སང་ལོ་༥༤་ཡིན་ཞིང་།མོ་རང་གི་རྒྱབ་ལོགས་སུ་རྨ་ཤུལ་གང་མང་ཡོད་ཅེས་བཤད་འདུག

  2. ཐབས་མཁས་རྒྱ་མཚོ།

    རིན་ཐང་ལྡན་པའི་སྒྱུར་རྩོམ་ཡག་པོ་ཞིག་རེད། ཞོར་དུ་ཞུ་བ་ནི་དངོས་གནས་བྱས་ན། སེམས་ལ་ན་ཟུག་སྟེར་པའི་བྱིས་པའི་འདྲ་པར་གྲགས་ཅན་བཅུ། ཞེས་སྦྱར་ན་འོས་ཤིང་འཚམ་སྙམ།