སོག་པོས་རྒྱ་ནག་གི་མི་སེར་མང་པོ་ཕྱིར་འཕུད་བཏང་།

སོག་པོའི་ནང་ཁྲིམས་འགལ་གྱིས་གནས་སྡོད་དང་ནག་ལས་བྱས་རྐྱེན་རྒྱ་ནག་གི་མི་སེར་ ༨༠ ཚུད་པའི་ཕྱི་མི་ ༡༤༨ ཕྱིར་འཕུད་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨུ་རུ་སུའི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། སོག་པོ་གཞུང་གིས་འདི་ལོའི་ལོ་མགོ་ནས་ད་ལྟའི་བར་དུ་ཕྱི་མི་ ༡༤༨ ཕྱིར་འཕུད་བཏང་ཡོད་པ་དང་། དེའི་ནང་དུ་རྒྱ་ནག་གི་མི་སེར་ ༨༠ ཡོད་པ་རེད། སོག་གཞུང་གིས་ཕྱི་མི་དེ་ཚོ་སོག་པོའི་སྒྲིག་ཁྲིམས་དང་འགལ་བར་བརྟེན་ཕྱིར་འཕུད་བཏང་ཡོད་སྐོར་བརྗོད་འདུག་ལ། ཕྱིར་འཕུད་བཏང་བའི་ཕྱི་མི་ ༡༤༨ ནང་རྒྱ་ནག་གི་མི་སེར་གྱིས་བརྒྱ་ཆ་ ༥༤ ཟིན་ཡོད་པ་དང་། བྱང་ཀོ་རི་ཡའི་མི་སེར་བརྒྱ་ཆ་ ༡༥.༥ ། ཝི་ཊི་ནམ་གྱི་མི་སེར་བརྒྱ་ཆ་ ༦། ཨུ་རུ་སུའི་མི་སེར་བརྒྱ་ཆ་ ༤.༨། རྒྱལ་ཁབ་གཞན་གྱི་མི་སེར་བརྒྱ་ཆ་ ༡༩.༧ ཙམ་ཡོད་འདུག

གོང་གི་གནད་དོན་དེའི་ཐད་སོག་པོའི་ཕྱི་མིའི་ལས་དོན་དོ་དམ་ཁང་གིས། ཕྱིར་འཕུད་བཏང་བ་དེ་ཚོའི་ནང་ནས་བརྒྱ་ཆ་ ༤༧.༢ ཙམ་སོག་པོའི་ཕྱི་མི་གནས་སྡོད་ཀྱི་ཐོ་འགོད་བཅའ་ཁྲིམས་དང་འགལ་ཡོད་པ་དང་། བརྒྱ་ཆ་ ༢༧.༧ གྱིས་ཁྲིམས་འགལ་གྱི་ཐོག་ནས་ལས་ཀ་གཉེར་བ། བརྒྱ་ཆ་ ༡༢.༨ གྱིས་གནས་སྡོད་ཆོག་མཆན་གྱི་དུས་ཡུན་རྫོགས་ཟིན་ཡང་མུ་མཐུད་ཁྲིམས་འགལ་གྱིས་བསྡད་པ། བརྒྱ་ཆ་ ༥.༥ ཡིས་སོག་པོའི་ཁེ་དབང་དང་འབྲེལ་བའི་གཏན་འབེབས་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་སྐོར་བསྒྲགས་འདུག

སོག་གཞུང་གི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༡༨ ནས་ཡོང་བའི་ཁྲིམས་འགལ་ཕྱི་མི་ ༡༨༨ དང་། ཕྱི་ལོ་ ༢༠༡༦ ལོར་རྒྱལ་ཁབ་ཁག་ ༢༥ ནས་ཁྲིམས་འགལ་ཕྱི་མི་ ༣༡༣ ཕྱིར་འཕུད་བཏང་ཡོད་པ་དང་། སྔ་གཞུག་ཏུ་ཕྱིར་འཕུད་བཏང་བའི་ཕྱི་མིའི་གྲངས་འབོར་ནང་རྒྱ་ནག་གི་མི་སེར་ནི་གྲངས་མང་ཤོས་ཆགས་ཡོད་པ་རེད། ཡིན་ནའང་། ཁྱོན་བསྡོམས་ད་ལྟའི་བར་རྒྱ་ནག་གི་མི་སེར་ག་ཚོད་ཅིག་སོག་གཞུང་གིས་ཕྱིར་འཕུད་བཏང་ཡོད་མེད་ཁ་གསལ་བརྗོད་མེད་པ་རེད།

ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་སོག་པོའི་རྒྱ་ནག་གཞུང་ཚབ་ཁང་གིས། སོག་པོའི་ནང་ཡོད་པའི་རྒྱ་ནག་གི་སློབ་ཕྲུག་དང་ཁེ་ལས་པ། ཡུལ་སྐོར་ལྗོངས་རྒྱུ་བ་བཅས་ལ་སོག་པོའི་ཡུལ་ཁྲིམས་དང་མཐུན་ཞིང་། ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཡོད་པའི་ཐོག་ནས་འགྲོ་འོང་གནས་སྡོད་བྱེད་དགོས་པ་དང་། སོག་པོ་ནི་ལས་ཀའི་དུས་ཡུན་རིང་ཞིང་ལས་སྣོན་མང་བ། རྡུང་འཕྲོག་བཅོམ་གསུམ་སོགས་ཀྱི་ཉེས་དོན་མང་བའི་རྒྱལ་ཁབ་ཅིག་ཡིན་སྟབས། རང་ལུས་ཀྱི་བདེ་འཇགས་དང་སོ་སོའི་དཔལ་འབྱོར་བདེ་འཇགས་ཐད་ངེས་པར་ཡིད་གཟབ་དོ་ནན་དགོས་སྐོར་གྱི་ཡོངས་བསྒྲགས་གསལ་བརྡ་ཞིག་བཏང་ཡོད་པ་དང་། གསལ་བརྡ་དེའི་ནང་དུ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་མི་སེར་དང་འབྲེལ་བའི་ཉེས་དོན་ཁག་ ༢༣༠ བྱུང་ཡོད་པ་དང་། དཔལ་འབྱོར་དང་ལས་དོན་སྐོར་གྱི་རྩོད་རྙོག་ ༡༤༨ བྱུང་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༡༥

Leave a Reply

One thought on “སོག་པོས་རྒྱ་ནག་གི་མི་སེར་མང་པོ་ཕྱིར་འཕུད་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཡུལ་ཆུ་བཏུང་ནས་ཡུལ་ཁྲིམས་སྲུང་།
    ཡུལ་ཁྲིམས་རྩི་སྲུང་ཡ་རབས་ཡུལ་མིའི་འགན་།
    ལུང་ཁྲིམས་རྩི་སྲུང་ལུང་པར་གནས་པའི་འགན་།
    འགན་འཁུར་མེད་པའི་མི་རིགས་འཚོ་ཡུལ་དཀོན་།
    ཁྲིམས་སྲུང་ངོ་ཚས་འཛམ་གླིང་བདེ་ལ་བཀོད་།
    ཁྲིམས་འགལ་ཧམ་པས་འཛམ་གླིང་ཧྲིལ་པོར་གནོད་།