སྐད་འཕྲིན་ནང་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་བོད་མི་འཛིན་བཟུང་བྱས།

ཉེ་སྔོན་སྐད་འཕྲིན་ཚོགས་པའི་ནང་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་དགེ་འདུན་ཞུ་བ་ཞིག་གི་གཙོས་བོད་མི་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་ཡང་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་བོད་མི་དགེ་འདུན་ཞུ་བ་ཞིག་གིས། ཁོ་རང་གི་སྐད་འཕྲིན་ནང་དུ་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། བོད་སྐད་ཡིག་སྲུང་སྐྱོབ་རྒྱུན་འཛིན་དགོས་སྐོར་སོགས་ཀྱི་རྩོམ་ཡིག་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག ཉེ་སྔོན་སེར་ཤུལ་རྫོང་ཉེན་རྟོག་པས་དགེ་འདུན་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་དྲག་པོ་བཏང་རྗེས་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་དང་།

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། བོད་མི་དགེ་འདུན་ལགས་ནི་ནམ་རྒྱུན་ནས་བོད་མིའི་ལས་དབང་དང་མདུན་ལམ་ལ་དོ་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་སྐད་འཕྲིན་ཚོགས་པའི་ནང་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འགྲེམས་སྤེལ་དང་། བོད་སྐད་ཡིག་ཁྲི་ལོར་ཤོག་ཅེས་སོགས་བྲིས་པ་དེར་དགའ་མོས་དང་། བསྔགས་བརྗོད་བྱེད་མཁན་དྲ་གྲོགས་ཚོ་ལའང་རྒྱ་གཞུང་གིས་འདྲི་རྩད་སུན་བཙིར་བཟོ་བཞིན་ཡོད་པ་མ་ཟད། ཁ་ཤས་རྫོང་ཐོག་ཏུ་བཙན་འཁྲིད་ཀྱིས་བཀག་སྐྱིལ་བྱས་ཡོད་སྟབས། ད་ལྟའི་ཆར་ས་གནས་བོད་མི་ཚོས་སྐད་འཕྲིན་སོགས་ཀྱི་ནང་པར་རིས་དང་རྩོམ་ཡིག་རིགས་འགྲེམས་སྤེལ་ཉར་ཚགས་བྱེད་པར་ཡིད་གཟབ་ཆེན་པོ་བྱེད་བཞིན་ཡོད་པ་དང་།  གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན། སྡེ་བའི་ནང་ཉེན་རྟོག་པས་ལྟ་སྲུང་དོ་ནན་བྱས་ཏེ་ཞི་རྒོལ་རིགས་བྱུང་མ་ཐག་དྲག་གནོན་བྱེད་པར་གྲ་སྒྲིག་ཆ་ཚང་བྱས་བསྡད་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༢ པའི་ནང་དཔོན་པོ་སྡེ་བའི་སློབ་ཆུང་ནང་སྒྲེང་འཛུགས་བྱས་ཡོད་པའི་རྒྱ་ནག་གི་དར་ཆ་མར་བླངས་ཏེ་བོད་ཀྱི་རྒྱལ་དར་བསྒྲེངས་ཡོད་པ་དང་། སློབ་རའི་ནང་བོད་རང་དབང་སོགས་ཀྱི་ཡིག་ཆ་བཀྲམས་པར་བརྟེན། རྒྱ་གཞུང་གིས་ཡུལ་མིའི་འགྲོ་འོང་ལ་ལྟ་སྲུང་གཟབ་ནན་བྱས་ཡོད་པ་མ་ཟད། གནས་ཚུལ་དེ་དབོན་པོ་དགོན་པའི་དགེ་འདུན་པ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་དབོན་པོ་དགོན་གྱི་དགེ་འདུན་པ་ ༢༥ སྔ་གཞུག་ཏུ་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཡང་དགེ་འདུན་པ་ ༦ འཛིན་བཟུང་བྱས་ཏེ། མི་ ༩ ཡུན་རིང་བཀག་ཉར་བྱས་པ་མ་ཟད། མི་གསུམ་ལ་ལོ་གཅིག་ནས་བཞི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༨

Leave a Reply