སྐུ་ཞབས་མཱག་རོན་ལགས་ལ་ཧྥ་རན་སིའི་སྲིད་འཛིན་རྒྱལ་ཁ་ཐོབ།

འདི་ལོའི་ཧྥ་རན་སིའི་སྲིད་འཛིན་འོས་འགྲན་ཁྲོད། སྐུ་ཞབས་མཱག་རོན་ལགས་ལ་སྲིད་འཛིན་རྒྱལ་ཁ་ཐོབ་སྟེ། ཁོང་ནི་ཧྥ་རན་སིའི་ལོ་རྒྱུས་ནང་སྲིད་འཛིན་ལོ་ན་གཞོན་ཤོས་དེ་ཆགས་ཡོད་འདུག

དེ་རིང་ཧྥ་རན་སིའི་ཞོགས་པའི་ས་གནས་ཆུ་ཚོད་ ༨ ནས་དགོང་དྲོའི་ཆུ་ཚོད་ ༥ བར། ཧྥ་རན་སིའི་གྲོང་ཁྱེར་ཆེ་ཁག་ནང་དངོས་གཞིའི་སྲིད་འཛིན་འོས་འདེམས་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ནང་། སྐུ་ཞབས་མཱག་རོན་ (Macron) ལགས་ལ་འོས་བརྒྱ་ཆ་ ༦༥.༥ དང་ལྕམ་ལི་ཕིན་ (Le Pen) ལགས་ལ་འོས་བརྒྱ་ཆ་ ༣༤.༥ བཅས་ཐོབ་སྟེ། སྐུ་ཞབས་མཱག་རོན་ལགས་ཐེངས་འདིའི་འོས་བསྡུའི་ཁྲོད་ཧྥ་རན་སའི་སྲིད་འཛིན་རྒྱལ་ཁ་ཐོབ་སྟེ་ཧྥ་རན་སིའི་ལོ་རྒྱུས་ནང་གི་སྲིད་འཛིན་ལོ་ན་གཞོན་ཤོས་དེ་ཆགས་ཡོད་པ་རེད།

སྐུ་ཞབས་མཱག་རོན་ལགས་ནི་ད་ལྟ་རང་ལོ་ ༣༩ ཡིན་ཞིང་། ཁོང་གིས་ཧྥ་རན་སིའི་སྤྱི་ཚོགས་གུ་ཡངས་ཆབ་སྲིད་ཚོགས་པར་ (EM) སྣེ་འཁྲིད་ཀྱིན་ཡོད་པ་དང་། རང་ལོ་ ༤༨ ཡིན་པའི་ལྕམ་ལི་ཕིན་ལགས་ཀྱིས་ཧྥ་རན་སིའི་གཡས་ཕྱོགས་རིང་ལུགས་སམ་རྒྱལ་ཞེན་རིང་ལུགས་སྲིད་དོན་ཚོགས་པར་ (FN) རྒྱབ་བརྟེན་བྱས་ཡོད།

དངོས་གཞིའི་སྲིད་འཛིན་འོས་འདེམས་ཁྲོད། འོས་བསྡུའི་ས་ཚིགས་ཁག་ ༥༠༠ ཡས་མས་ནས་མི་མང་བརྒྱ་ཆ་ ༦༥.༣༠ འོས་བླུགས་ཡོད་པ་དང་། དེ་ ༢༠༡༢ ལོ་དང་བསྡུར་ན་བརྒྱ་ཆ་ ༦ ཇེ་ཉུང་དུ་ཕྱིན་ཡོད་འདུག

ཧྥ་རན་སིའི་དངོས་གཞིའི་སྲིད་འཛིན་འོས་བསྡུའི་བདེ་འཇགས་སྲུང་སྐྱོབ་ཆེད། དོགས་ཡོད་ས་གནས་གྲོང་ཁྱེར་ཁག་ནང་ཉེན་རྟོག་དམག་མི་ ༥༠༠༠༠ ལྷག་འགྲེམས་འཇོག་བྱས་ཡོད་པ་རེད།

ད་ལོའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་བརྟེན་ནས་ཡུ་རོབ་མཐུན་ཚོགས་ཀྱི་འབྱུང་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་སྟབས། ཡུ་རོབ་གླིང་གིས་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དོ་སྣང་ཤུགས་ཆེན་བྱས་ཡོད།

ད་ལོར་ཧྥ་རན་སིའི་སྲིད་འཛིན་འོས་འགྲན་ཁྲོད། འོས་མི་ ༡༡ བྱུང་ཡོད་ཀྱང་། སྔོན་འགྲོའི་སྲིད་འཛིན་འོས་བསྡུའི་ཁྲོད། འོས་མི་སྐུ་ཞབས་མཱེག་རོན་དང་ལྕམ་ལི་ཕིན་གཉིས་འོས་ཤོག་མཐོ་ཤོས་ཆགས་ཡོད་པ་དང་། སྔོན་འགྲོའི་འོས་འདེམས་སྐབས་སུ། ཧྥ་རན་སིའི་མི་མང་གིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་ཧྥ་རན་སིའི་སྲིད་དབང་བཟུང་བའི་སྤྱི་མཐུན་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ལ་ངོས་ལེན་དང་རྒྱབ་སྐྱོར་བྱས་མེད་པ་རེད།

ད་ལོའི་ཧྥ་རན་སིའི་སྲིད་འཛིན་འོས་མི་ཚོའི་འོས་བསྡུའི་ལས་འགུལ་གཙོ་བོ་ནི། ཧྥ་རན་སིའི་དཔལ་འབྱོར་དང་བདེ་སྲུང་། གནས་སྤོའི་སྲིད་ཇུས་དང་། ཧྥ་རན་སི་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་གཉིས་བར་བྱི་འབྲེལ་ལམ་བཅས་རེད།

ཧྥ་རན་སིའི་དཀའ་རྙོག་གཙོ་བོ་དེ་ལས་མེད་ཀྱི་དཀའ་ཁག་ཆགས་ཡོད་པ་དང་། ད་ཆར་ཧྥ་རན་སིའི་ནང་ལས་མེད་བརྒྱ་ཆ་ ༡༠ ཟིན་གྱི་ཡོད་པ་དེ་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱི་གྲས་ནས་ཨང་རིམ་ ༨ པ་ཆགས་ཡོད་པ་དང་། ཧྥ་རན་སའི་ནང་ད་ཆར་རང་ལོ་ ༢༥ མན་གྱི་ན་གཞོན་བཞི་ཆ་གཅིག་ལས་མེད་ཆགས་ཡོད་འདུག

༢༠༠༨ ལོར་བྱུང་བའི་མ་དངུལ་དཀའ་ཁག་ལ་བརྟེན་ཏེ། ཧྥ་རན་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་ཆེ་དལ་དུ་ཕྱིན་པ་དང་། ད་ལྟའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་རྒྱལ་ཁ་ཐོབ་ཀྱང་། ཧྥ་རན་སིའི་དཔལ་འབྱོར་འདུ་འགོད་ཐད་བཅོས་སྒྱུར་དགོས་པ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༠༨

Leave a Reply

2 thoughts on “སྐུ་ཞབས་མཱག་རོན་ལགས་ལ་ཧྥ་རན་སིའི་སྲིད་འཛིན་རྒྱལ་ཁ་ཐོབ།

  1. ཐོས་པ་དགའ།

    ཧྥ་རན་སིའི་མི་རབས་གསར་པའི་གཞོན་སྐྱེས་ Emmanuel Macron མཆོག་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ། བཀྲ་ཤིས་བདེ་ལེགས།

  2. ཐེངས་འདིར་ཁྱེད་ལ་རྒྱལ་ཁ་ཐོབ་པ་ནི་ཁྱོད་ཀྱི་ཚོགས་པ་དང་ཁྱེད་ཀྱི་རྒྱབ་སྐྱོར་བ་ཚོའི་རྒྱལ་ཁ་ཙམ་མ་ཡིན་པར་ཧྥ་རན་སིའི་རྒྱལ་ཁབ་དང་ཡོ་རོབ་ཡོངས། འཛམ་གླིང་ཡོངས་ཉེན་ཁ་ལས་ཐར་བའི་རྒྱལ་ཁ་ཞིག་རེད།