སྐྱེས་པ་ཞིག་བུད་མེད་སྒེག་འགྲོས་ཕུལ་བྱུང་གྲས་སུ་ཚུད།

ཨན་ཇཱ་ལཱེ་བླ་མ་(Anjali Lama)ལགས་ནི་ད་ལྟ་རང་ལོ་ ༣༢ ཡིན་པ་དང་། སྡིངས་ཆའི་སྟེང་མཛེས་སྡུག་ཡིད་དུ་འོང་ཞིང་སྒེག་ཉམས་ལྡན་ལ། རྒྱ་གར་གྱི་གྲོང་ཁྱེར་མཱོམ་བྷེ་ནང་ཡོད་པའི་དཔེ་གསར་འགྲེམ་སྟོན་(Lakmé Fashion Week in Mumbai)ཚོགས་པའི་འཁྲབ་སྟོན་སྟེང་དུ་མཛེས་སྡུག་གི་གཟི་དཔལ་འབར་བཞིན་ཡོད་ལ། ཁོ་མོས་གོམ་པ་མདུན་སྤོ་བྱེད་ཐེངས་རེར་རང་གི་མི་ཚེའི་ནང་ལོ་རྒྱུས་གསར་པ་འབྲི་བཞིན་ཡོད།

ཁོ་མོ་སྐྱེས་དུས་ཕོ་ལུས་ཡིན་ཞིང་མིང་ལ་ནཱ་བྷིན་ཝའེ་བྷ་(Nabin Waiba)ཞེས་ཟེར་བ་དང་། བལ་ཡུལ་གྱི་རྫོང་ཎུ་ཝ་ཀོཊ་(Nuwakot)ཞེས་པའི་གྲོང་གསེབ་ཅིག་ཏུ་འཚར་ལོངས་བྱུང་ཡོད། འོན་ཀྱང་། ཁོ་མོའི་ཀུན་སྤྱོད་ནི་བུད་མེད་དང་གཅིག་མཚུངས་ཡིན་སྟབས། ས་གནས་དེའི་མི་རྣམས་ཀྱིས་ཁོ་མོར་ཐུབ་ཚོད་བཏང་བ་ཉུང་ཉུང་མིན།

བདུན་ཕྲག་འདིའི་ནང་ཨན་ཇཱ་ལཱེ་བླ་མ་ནི་རྒྱ་གར་དཔེ་གསར་འཁྲབ་སྟོན་བྱེད་སྒོ་(India’s Premiere Fashion event)ཞེས་པའི་སྟེང་། ཁོང་མོ་ནི་མཚན་འགྱུར་བུད་མེད་སྒེག་འགྲོས་(Catwalk)བྱེད་མཁན་ཆེས་ཐོག་མ་དེ་ཆགས་པ་རེད།

ནཱ་བྷིན་ཝའེ་བྷ་ཡི་བྱིས་དུས།

ཨན་ཇཱ་ལཱེ་བླ་མ་ལགས་ཆུང་བྱིས་པའི་སྐབས་སུ་ཕྱོགས་རིས་དང་དབྱེ་འབྱེད་ཀྱི་རྦ་རླབས་ཁྲོད་ནས་མི་ཚེ་བསྐྱལ་བ་རེད། དེ་ཡང་། སློབ་གྲྭར་འགྲོ་ཕྱིན་སློབ་གྲོགས་ཚོས་ཐུབ་ཚོད་བཏང་བ་དང་། ནང་དུ་ལོག་སྐབས་ཨ་ཕ་ལགས་དང་གཅེན་པོ་སོགས་ཀྱིས་ཁོ་མོར་སྐྱེས་པ་ཕོའི་བཟོ་ལྟ་དོད་དགོས་པའི་གནོན་ཤུགས་སྤྲད་ཡོད།

ཁོང་མོས་བརྗོད་དོན་ “ང་ཆུང་དུས་ནས་བུད་མེད་ཀྱི་ལ་བ་གྱོན་པར་དགའ་བོ་ཡོད། སློབ་གྲྭའི་ནང་འགྲོ་རོགས་འདུག་རོགས་མང་ཆེ་བ་བུད་མེད་ཡིན། སློབ་མ་ཚོས་ང་ལ་ ‘ཁོ་བུ་མོ་རེད་’ ཞེས་འཕྱ་སྨོད་དང་བརྙས་བཅོས་བྱེད་པ་དང་། ནང་དུ་ངའི་ཨ་ཕ་ལགས་ཀྱིས་ང་ལ་གཤེ་གཤེ་བཏང་སྟེ་ ‘ཁྱོད་རང་མ་འོངས་པར་ག་རེ་བྱ་རྒྱུ་ཡིན་’ཞེས་ལབ་པ་རེད།

ཨན་ཇཱ་ལཱེ་བླ་མ་རང་ལོ་ ༡༨ ཟིན་སྐབས། བལ་ཡུལ་རྒྱལ་ས་ཀ་ཋ་མན་ཌུ་(Kathmandu)རུ་ཕྱིན། དེ་གར་ཡང་ཁོ་མོའི་ཕ་ཡུལ་གྲོང་གསེབ་དང་འདྲ་བར་མི་ཚང་མས་ཁོ་མོའི་བྱ་སྤྱོད་རྣམ་འགྱུར་ལ་འཕྱ་སྨོད་དང་ཐུབ་ཚོད་བྱས་ཡོད། ཁོ་མོས་དུས་ཚོད་དེ་ཚོར་ “སེམས་ལ་མནར་གཅོད་” བཏང་སོང་ཟེར།

ཁོ་མོས་ཀ་ཋ་མན་ཌུ་རུ་མཐོ་སློབ་ཏུ་སྐྱོད་པ་དང་། ཞོར་དུ་མགྲོན་ཁང་ལ་ལས་ཀ་བྱས། འོན་ཀྱང་ཁོ་མོའི་རྣམ་འགྱུར་དང་སྤྱོད་སྟངས་ཚང་མ་བུད་མེད་ཡིན་སྟབས། མགྲོན་ཁང་དུ་ཡོང་མཁན་ཚོ་རང་བཞིན་གྱིས་དོགས་མ་བདེ་བ་ཡོང་གི་ཡོད་སྟབས། མགྲོན་ཁང་སྦྱིན་བདག་གིས་ཁོ་མོ་ལས་ཀ་ནས་ཕྱིར་འཕུད་བཏང་སོང་ཟེར།

མཚན་འགྱུར་ཚོགས་པ་གསར་རྙེད།

ཁོ་མོར་གོ་སྐབས་ཤིག་ཐོབ་པ་དང་། གོ་སྐབས་དེས་ཡོད་ཚད་ལ་འགྱུར་བ་བཏང་།ཁོ་མོས་བརྗོད་དོན། “ཐེངས་ཤིག་ངས་ཀ་ཋ་མན་ཌུ་རུ་བརྙན་འཕྲིན་ཞིག་ལྟ་བཞིན་པའི་སྐབས་སུ་མཚན་འགྱུར་སྐོར་གྱི་ལྟད་མོ་ཞིག་བསྟན་སོང་། སྐབས་དེར་ངས་སོ་སོ་ཡང་ཁོང་ཚོ་དང་གཅིག་པ་ཡིན་པ་ཧ་གོ་སོང་།” ཞེས་ཟེར།

ཁོ་མོས་བརྗོད་པ་ལྟར་ན། ཐེངས་ཤིག་བལ་ཡུལ་ནང་ཡོད་པའི་ཕོ་མོ་མཚན་འགྱུར་གྲངས་ཉུང་མི་རིགས་ཐོག་ལས་ཀ་བྱེད་མཁན་ཚོགས་པ་རྡོ་རྗེ་ཕ་ལམ་སྔོན་པོ་(Blue Diamond Society)ཞེས་པ་ཞིག་ཧ་གོ་ཡོད་པ་དང་། དུས་དེ་ནས་བཟུང་ཁོ་མོས་རང་ཉིད་སུ་ཞིག་ཡིན་པ་ངོ་ཤེས་སོང་བ་མ་ཟད། མཚན་འགྱུར་ཚོགས་པ་དེའི་ནང་འཛུལ་ཞུགས་བྱ་རྒྱུའི་སེམས་ཐག་བཅད་ཡོད་འདུག ཁོ་མོ་ཚོགས་པ་དེར་འཛུལ་རྗེས་ཀྱི་ཚོར་བ་རྗོད་དོན་ “ངས་ང་གཅིག་པུ་མིན་པ་ཤེས་སོང་ལ། དེ་ནི་ངའི་སྤྱི་ཚོགས་ཤིག་ཡིན་པའང་རྟོགས་སོང་” ཟེར།

ལཱེག་མེ་དཔེ་གསར་འགྲེམ་སྟོན་ལ་ཞུགས་པ།

ཨན་ཇཱ་ལཱེ་དཔེ་གསར་འགྲེམ་སྟོན་སྒེག་གྲོས་ནང་འཛུལ་ཞུགས་བྱ་རྒྱུའི་སེམས་ཤུགས་སྤར་མཁན་ནི། ཁོ་མོ་སྡོད་སའི་མཚན་འགྱུར་ཚོགས་པ་དེ་རང་རེད། ཚོགས་པ་དེ་ནི་ཁོ་མོ་སུ་ཡིན་མིན་ར་སྤྲོད་མཁན་དེ་ཆགས་ཡོད་པ་མ་ཟད། དེ་ནི་ཁོ་མོའི་མི་ཚེ་ལ་མཛེས་སྡུག་དང་བདེ་དྲོད་སྟེར་བའི་གནས་ཤིག་ཀྱང་ཆགས་ཡོད།

ཚོགས་པ་དེའི་ནང་གི་ཁོ་མོའི་རོགས་པ་ཚོས་ཁོ་མོ་དཔེ་གསར་འགྲེམ་སྟོན་ནང་ཞུགས་རྒྱུར་སྐུལ་སློང་བྱས་པ་མ་ཟད། སྤྱི་ཚོགས་ནང་ཁོ་མོ་ཕོ་མོ་གང་ཡིན་སྐོར་གྱི་རྩོད་པ་དེར་རྐང་བཙུགས་ཏེ་སྣང་མེད་དང་། གདོང་ལེན་བྱེད་པའི་སྙིང་སྟོབས་ཀྱང་བསྐྲུན་ཡོད་པ་རེད།

ཁོ་མོས་བརྗོད་དོན་ “ ང་མངོན་གསལ་དོད་པོས་སྤྱི་ཚོགས་ཀྱི་མདུན་དུ་ཐོན་པ་དེས་ངའི་མི་ཚེ་ནང་གོམ་པ་མདུན་སྤོས་ཆེན་པོ་ཞིག་ཡིན། དཔེ་གསར་འགྲེམ་སྟོན་གྱི་ལམ་དུ་ཞུགས་ཏེ་གྲུབ་འབྲས་འཐོན་པར་ད་དུང་དཀའ་ལས་མང་པོ་ཞིག་རྒྱག་དགོས་པ་རེད། ང་ལ་གྲུབ་འབྲས་དེ་ལྟ་བུ་ཞིག་ལེན་ཐུབ་པའི་རེ་བ་དང་གདེང་ཚོད་གང་ཡང་མེད། འོན་ཀྱང་། ངའི་རོགས་པ་ཚོས་འབད་བརྩོན་བྱོས་ཞེས་སེམས་ཤུགས་ཡང་ཡང་སྤར་བ་ལ་བརྟེན་ཏེ། ཐེངས་འདིར་ང་རང་ལ་ལམ་འགྲོ་ཆེན་པོ་རྒྱུགས་སོང་།”ཞེས་ཟེར།

ཐེངས་ཤིག་བལ་ཡུལ་གྱི་བརྙན་དེབ་༼བུད་མེད་ཀྱི་སྒྲ་དབྱངས༽ ཞེས་པའི་མདུན་ངོས་སུ་ཨན་ཇཱ་ལཱེའི་དཔར་ཞིག་བཀོད་ཡོད། དེ་ནི་ཁོ་མོར་དཔེ་གསར་འགྲེམ་སྟོན་གྱི་ལས་ཀ་རག་མ་ཐག་ཡིན་པ་དང་། སྐབས་དེར་ཁོ་མོ་སྐད་གྲགས་ཀྱང་རེ་ཞིག་ཆགས་ཡོད་ཀྱང་། རྗེས་སུ་ཁོ་མོས་སྐད་གྲགས་སྔར་ལས་ཆེ་རུ་གཏོང་འདོད་ཀྱིས་འབད་བརྩོན་བྱས་ཀྱང་གྲུབ་འབྲས་དེ་ཙམ་འཐོན་མེད། མཐའ་མར་ཁོ་མོས་རང་གི་མགོ་ཁྲིད་ལ་དཀའ་ཁག་དེའི་སྐོར་དྲིས་སྐབས། དེ་ནི་ཁོ་མོ་མཚན་འགྱུར་མ་ཞིག་ཡིན་པས་རེད་ཅེས་ལན་འདེབས་བྱས་ཡོད་འདུག

ཁོ་མོས་བརྗོད་དོན་ “ འོན་ཀྱང་། ངས་རང་གི་ཨ་མས་ང་ལ་བཤད་པའི་སྐད་ཆ་དེ་ཚོ་ཡིད་ལ་བཟུང་བསྡད་པ་ཡིན། ཨ་མས་ང་ལ་ ‘ནམ་ཡང་སེམས་ཤུགས་མ་ཆགས་པར་དཀའ་ལས་རྒྱོབས་དང་། ཉིན་ཞིག་རང་ལ་མི་ཞིག་གིས་གོ་སྐབས་སྤྲོད་ངེས་ཡིན’ ཞེས་ལབ་མྱོང་ཡོད།” ཟེར།

༢༠༡༠ ལོར་བལ་ཡུལ་གྱི་དཔེ་གསར་འཆར་འགོད་པ་སུ་བྷེཀ་ཡ་བྷ་ཌལ་(Designer Subexya Bhadel)ལགས་ཀྱིས་ཁོ་མོ་ཁོའི་དཔེ་གསར་ཚོགས་པའི་འཁྲབ་སྟོན་མར་བདམས་པ་དང་། དུས་དེ་ནས་བཟུང་ཁོ་མོར་ལམ་འགྲོ་རྒྱུག་སྟེ་བུད་མེད་དཔེར་གསར་འགྱིང་འགྲོས་འཁྲབ་སྟོན་མ་ཆགས་པ་མ་ཟད། རྒྱ་གར་གྱི་དཔེ་གསར་འགྲེམ་སྟོན་ཚོགས་པའི་རྒྱལ་སྤྱིའི་སྡིངས་ཆར་སྒེག་འགྲོས་བྱེད་མཁན་གྲས་སུའང་བདམས་ཐོན་བྱུང་ཡོད་པ་རེད། དེ་ནི་ཁོ་མོའི་མི་ཚེ་ནང་གི་ལམ་འགྲོ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད། ཁོ་མོ་ལོ་དང་པོར་སྒེག་འགྲོས་ཕུལ་བྱུང་གྲས་སུ་བསླེབ་ཐུབ་མེད་ཀྱང་། ཁོ་མོས་མུ་མཐུད་ཧུར་བརྩོན་བྱས་པར་བརྟེན་ཏེ་ད་ལྟ་ཕུལ་བྱུང་གྲས་སུ་བདམས་ཐོན་བྱུང་ཡོད་པ་རེད།

དཔེ་གསར་འགྲེམ་སྟོན་སྟེང་གི་མི་སྣ་ཚོགས།  

དཔེ་གསར་འགྲེམ་སྟོན་བཟོ་གྲྭའི་ནང་མི་འདྲ་མིན་སྣ་ཚོགས་མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་གི་ཡོད། ད་ལོ་(The Fashion Spot)ཞེས་པའི་ཚོགས་པ་ཞིག་གིས་སྙན་ཐོ་བཏོན་པ་ལྟར་ན། འདི་ལོའི་དཔྱིད་ཀའི་དཔེ་གསར་འགྲེམ་སྟོན་ཨ་རིའི་ནེའུ་ཡོག་དང་། དབྱིན་ཡུལ་ལོན་ཌོན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སི(Paris)། མི་ལཱཎ་(Milan)སོགས་སུ་ཚོགས་པའི་ཁྲོད། འཁྲབ་སྟོན་མི་སྣ་བརྒྱ་ཆ་ ༧༠ ལྷག་མི་རིགས་དཀར་པོ་ཡིན་སྐོར་བཀོད་འདུག

འདས་པའི་ལོ་ཤས་ནང་མཛེས་པོ་ཞེས་པ་དེ་ནི་ཧ་ཅང་རྒྱུན་ལྡན་ནམ་རིགས་གཅིག་ལྟ་བུར་བརྩི་བའི་སྔར་གྱི་གོམ་གཤིས་དེ་འགྲིག་གི་མེད་པར། གཟུགས་པོའི་དབྱིབས་དང་ལོ་ཚད། ཕོ་མོ་སོགས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་མིན་སྐོར་ལ་རྩོད་གླེང་གསར་པ་སྣ་ཚོགས་འབྱུང་བཞིན་ཡོད་པ་རེད།

ཟླ་བ་སྔོན་མའི་ནང་གསར་འགྱུར་བརྒྱུད་ལམ་ཁག་གི་མདུན་ཤོག་ཏུ། དཔེ་གསར་འགྲེམ་སྟོན་སྒེག་འགྲོས་མ་ཧན་ནཱི་གཱ་བྷི་ཨོ་ཌེའེ་ལི་(Hanne Gaby Odiele)ལགས་ནི་མཚན་འགྱུར་མ་ཞིག་རེད་ཅེས་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད། ཁོ་མོ་ནི་ཉེ་རབས་རྒྱལ་སྤྱིའི་དཔེ་གསར་འགྲེམ་སྟོན་སྒེག་འགྲོས་མ་སྐད་གྲགས་ཅན་ཞིག་རེད་ལ། ཁོ་མོས་དེ་སྔོན་དཔེ་གསར་འགྲེམ་སྟོན་བཟོ་གྲྭའི་མི་སྣ་གྲགས་ཆེན་མཱུལ་བྷེ་རཱི་(Mulberry)དང་། བྷ་ལཱན་སིའེ་གྷ་(Balenciaga)སོགས་ཀྱི་མཉམ་དུ་ལས་ཀ་བྱས་མྱོང་ཡོད།

དེ་དག་ལ་བསམ་བློ་བཏང་ན། དེང་སང་དཔེ་གསར་འགྲེམ་སྟོན་གྱི་ཚོགས་པ་ཁག་དང་། ཡང་སྒོས་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་སོགས་རིམ་གྱིས་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་མཚོན་ཐུབ།

ད་ལོར་ལཱེག་མེ་དཔེ་གསར་འགྲེམ་སྟོན་ཚོགས་པས་དཔེ་གསར་འགྲེམ་སྟོན་བྱེད་པར། སྒེག་འགྲོས་འཁྲབ་སྟོན་མི་སྣ་འདྲ་མིན་སྣ་ཚོགས་ཤིག་འདེམ་སྒྲུག་བྱས་པ་དེ་ནི། ཧ་ཅང་གལ་འགངས་ཆེ་ཤོས་ཀྱི་ལས་དོན་ཞིག་ཏུ་བརྩིས་ཡོད། ཐེངས་འདིར་གཟུགས་དབྱིབས་ཙམ་མ་ཡིན་པར། གདོང་དབྱིབས་མ་འདྲ་བ་དང་། རྣམ་པ་མ་འདྲ་བ་མང་པོར་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་ཡོད། ད་རེབ་མཱོམ་བྷེ་གྲོང་ཁྱེར་དུ་ཨན་ཇ་ལཱེ་གཅིག་པུ་མིན་པར། བུད་མེད་ཕོ་ལ་འགྱུར་བ་རྣམས་ཀྱིས་ཀྱང་འཁྲབ་སྟོན་དེར་མཉམ་ཞུགས་བྱས་ཡོད། སྐབས་དེའི་དཔེ་གསར་འགྲེམ་སྟོན་གྱི་མིང་ལ་༼ ཁ་བྱང་མེད་ Free Tag༽ ཞེས་བཏགས་ཡོད། དེ་ནི་མིའི་རིགས་ཕན་ཚུན་བར་དབྱེ་འབྱེད་མི་ཡོང་བའི་ཆེད་རེད་ཟེར།

ལཱེག་མེ་དཔེ་གསར་འགྲེམ་སྟོན་སྐབས་སུ་གོ་སྒྲིག་ཚོགས་པའི་ཚོགས་གཞོན་གྱིས་ “མི་རྣམས་ཀྱིས་དཔེ་གསར་འགྲེམ་སྟོན་ཞེས་པ་དེ་ནི། སྤྱི་ཚོགས་བྱེ་བྲག་པ་ཞིག་གི་ཆེད་དུ་ཡིན་པ་དང་། སྤྱི་ཚོགས་བྱེ་བྲག་པ་ཞིག་ལ་དབང་བོར་ངོས་འཛིན་བྱས་ཏེ། དེར་མི་དམིགས་བསལ་བ་ཞིག་མ་གཏོགས་འཛུལ་ཞུགས་བྱེད་མི་ཆོག་པ་ལྟ་བུར་ངོས་འཛིན་བྱེད་བཞིན་པའི་ལྟ་སྟངས་དེ་བཅོས་བསྒྱུར་གཏོང་འདོད་པ་ཡིན་” ཞེས་ལབ་ཡོད་པ་རེད།

ད་ནི་འགྱུར་བ་ཕྱིན་ཡོད་ལ། འགྱུར་བ་དེ་ལ་གྲུབ་འབྲས་ཀྱང་སོན་ཡོད། དཔེ་གསར་འགྲེམ་སྟོན་ཚོགས་གཞོན་གྱིས་བརྗོད་པ་ལྟར་ན། ད་རེབ་དཔེ་གསར་འགྲེམ་སྟོན་ལེགས་འགྲུབ་བྱུང་བའི་རྗེས་སུ་མཚན་འགྱུར་བ་མང་པོ་ཞིག་གིས་ཁོ་ཚོར་འབྲེལ་བ་བྱས་ཏེ། ཐེངས་རྗེས་མའི་དཔེ་གསར་འགྲེམ་སྟོན་ནང་ཞུགས་འདོད་ཡོད་ཅེས་བརྗོད་ཡོད་འདུག

ཨན་ཇཱ་ལཱེ་བླ་མ་ལགས་ཀྱི་མི་ཚེའི་ལམ་ཁ་སངས་ཚར་ཡོད་ཀྱང་། ཁོ་མོ་ད་དུང་ལམ་ཕྱེད་ཙམ་ལས་བསླེབས་མེད་པ་མ་ཟད། མ་འོངས་པར་ཁོ་མོས་ད་དུང་འདི་ལྟ་བུའི་སྒེག་འགྲོས་ཀྱི་འགྲན་རྩོད་མང་པོར་ཞུགས་དགོས། ཨན་ཇཱ་ལཱེས་ “ང་རང་ཉིད་ཀྱིས་འདོད་པ་ལྟར་དུ་མི་ཚེ་སྐྱེལ་འདོད་ཡོད། དེ་ལྟར་བྱེད་པར་ང་ལ་འཇིགས་སྐྲག་ཀྱང་མི་འདུག” ཅེས་ཟེར།

གོང་གི་ཕྱོགས་བསྡུའི་གནས་ཚུལ་དེ་བདུན་ཕྲག་སྔོན་མའི་ནང་། སི་ཨིན་ཨིན་(CNN)གསར་ཁང་གི་གསར་འགོད་པ་Zahra Jamshed དང་ Medhavi Arora གཉིས་ཀྱིས་བསྡུ་སྒྲིག་བྱས་ཤིང་། འདི་གའི་གསར་ཁང་གིས་དོན་བསྒྱུར་གཙོ་བོར་བཟུང་སྟེ་བོད་ཡིག་ནང་ཕབ་ཡོད་པ་དང་། དབྱིན་ཡིག་ནང་(Transgender)ཞེས་པ་དེ་འདིར་མཚན་འགྱུར་ཞེས་བྲིས་ཡོད།

མ་ཡིག་འབྲེལ་ཐག http://edition.cnn.com/2017/02/02/fashion/anjali-lama-transgender-model-india-lakme-fashion-week/index.html

 

བསྐྱར་བཅོས།: ༢༠༡༧/༠༢/༠༨

Leave a Reply