སྨན་བཅོས་ལྟ་སྐྱོང་ལས་གཞིར་མི་མང་གིས་ཡིད་ཆེས་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་ལྟ་སྨན་བཅོས་ལྟ་སྐྱོང་གཞིའི་ནང་རོགས་དངུལ་འབུམ་གཅིག་ལྷག་འབུལ་བཞིན་ཡོད་ནའང་། མ་འོངས་པར་འཛུལ་ཞུགས་མི་གྲངས་གཞིར་བཟུང་གིས་རོགས་དངུལ་དེ་ལས་མང་བ་གཏོང་རྒྱུ་ཡིན་སྐོར་དང་། ད་ཆར་མི་མང་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ སྟེང་། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་གོ་སྒྲིག་འོག བོད་མིའི་སྨན་བཅོས་ལྟ་སྐྱོང་གི་བསྐྱར་ཞིབ་ཚོགས་འདུ་ཚོགས་སོང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས། བོད་མིའི་གཞིས་ཆགས་སྤེལ་ཀོབ་དང་ཀོ་ལེ་གྷལ། བསྟན་འཛིན་སྒང་སོགས་ས་གནས་ཁག་ ༡༣ ནས་སྨན་ཞབས་དང་འཕྲོད་ལས་མི་གྲངས་ ༣༠ ཙམ་འཛོམས་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་ཚོགས་འདུ་དབུ་འབྱེད་གནང་རྗེས། སྨན་བཅོས་ལྟ་སྐྱོང་ཚན་པའི་འགན་འཛིན་སྐལ་ལྡན་ནོར་བུ་ལགས་ཀྱིས། ཐེངས་འདིའི་བསྐྱར་ཞིབ་ཚོགས་འདུའི་སྟེང་། དོན་ཚན་གསུམ་གྱི་ཐོག་ནས་ཉིན་གཅིག་རིང་གོ་བསྡུར་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ཟབ་སྦྱོང་གི་བརྗོད་གཞི་དང་པོ་དེ། ས་གནས་ཁག་སུམ་ཅུ་སོ་གྲངས་ཤིག་ཡོད་པའི་ནང་སྨན་བཅོས་ལྟ་སྐྱོང་གི་དམིགས་ས་ (target) མ་ཟིན་པའི་སྐོར་དང་། གཉིས་པ། སྨན་བཅོས་ལྟ་སྐྱོང་གི་འགྲོ་གྲོན་སྐོར། གསུམ་པ། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཚགས་ཚུད་བཟོ་རྒྱུ་བཅས་ཀྱི་སྐོར་ལ་བསྐྱར་ཞིབ་དང་གོ་བསྡུར་ཟབ་སྦྱོང་གནང་རྒྱུ་སོགས་ཡིན་པ་དང་། སྨན་བཅོས་ལྟ་སྐྱོང་ལས་གཞི་དབུ་བཙུགས་ནས་ལོ་ངོ་ ༦ ཕྱིན་ཡོད་པ་དང་། ༢༠༡༢ ལོ་ནས་ད་ལྟའི་བར་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེས་མི་མང་ལ་ཕན་ཐོགས་གང་འཚམ་བྱུང་སྟེ་མི་མང་གི་ཡིད་ཆེས་ཐོབ་ཡོད་པ་དང་། ༢༠༡༦ ལ་དང་ ༢༠༡༧ ལོ་ནས་བཟུང་མང་ཚོགས་ནང་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཟབ་སྦྱོང་མང་པོ་ཕུལ་བ་བརྒྱུད་དེ། ལོ་རེར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཞུགས་མཁན་ ༢༠༠ ནས་ ༣༠༠ ལྷག་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་གཉིས་ནས་ལས་གཞི་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་པ་དང་། དེ་ནི་མི་མང་གི་བདེ་ཐང་དང་མི་མང་གི་ཁེ་ཕན། མི་མང་ལ་ཕན་ཐོགས་པའི་ཆེད་དུ་ཡིན་པ་མ་གཏོགས། གཞན་ཁེ་ལས་དང་ཚོང་འབྲེལ་དེ་འདྲ་རྩ་བ་ནས་མིན་སྟབས། མི་གང་མང་མང་ལས་གཞི་དེར་འཛུལ་ཞུགས་གནང་དགོས་སྐོར་སོགས་བརྗོད་སོང་།

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལྷན་ཁང་གཉིས་ནས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ཧ་ཅང་གལ་ཆེན་དོན་ཆེན་དུ་རྩི་བཞིན་ཡོད་པ་དང་། ལས་གཞི་འདིའི་ནང་ཞུགས་མཁན་ཚོར་དེའི་ཁེ་ཕན་ངེས་པ་རྙེད་པ་ཞིག་དང་ཡིད་དུ་སྡོད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ལས་གཞི་འདི་ཐོག་མ་ ༢༠༠༧ ལོར་གྲོས་ཚོགས་ནང་བཀའ་མོལ་བྱུང་བ་བརྒྱུད་དེ། འཛིན་སྐྱོང་གིས་དཔྱད་ཞིབ་གནང་དེ་ ༢༠༡༢ ལོར་གཏན་འབེབས་བྱས་པ་རེད། ལས་གཞི་འདིའི་དགོས་དམིགས་གཙོ་བོ་ ༢༠༡༡ ལོ་ཡས་མས་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་གནས་བབ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དངུལ་གནས་བབ་སོགས་ཛ་དྲག་ཆགས་ཡོད་པ་རྩིས་ཞིབ་སྙན་ཐོའི་ནང་བསླེབས་པ་དང་། དཀའ་ངལ་དེ་ཛ་དྲག་སྨན་བཅོས་ཀྱི་འགྲོ་གྲོན་ལ་ཐུག་ཡོད་སྟབས། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་གཏན་འབེབས་བྱས་པ་རེད།

འདས་པའི་ལོ་ངོ་དྲུག་ནང་སྨན་བཅོས་ལྟ་སྐྱོང་ལས་གཞིར་འགྱུར་བ་གང་འཚམ་ཕྱིན་ཡོད་པ་དང་། འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ཡང་། སྨན་ཁང་ལ་སྟོན་སྐབས་ས་གནས་སོ་སོའི་གཞུང་འབྲེལ་སྨན་ཁང་ལ་མ་བསྟན་པར་སྒེར་གཉེར་སྨན་ཁང་ཆེ་ཁག་ལ་བསྟན་ཏེ་བྱུང་འཛིན་སྣ་ཚོགས་འཁྱེར་ཡོང་སྐབས། དེ་ངོས་ལེན་བྱེད་ཐུབ་མིན་གྱི་དཀའ་ངལ་སྟབས། སྨན་བཅོས་རིགས་མ་འདྲ་བ་སོ་སོར་འབབ་པའི་གོང་ཚད་གཏན་འབེབས་བྱས་ཏེ་མཐུན་རྐྱེན་སྦྱོར་གྱི་ཡོད་རེད།

སྨན་བཅོས་ལྟ་སྐྱོང་གི་འཕྲོད་བརྟེན་ལས་བྱེད་རྣམ་པས་སྐུ་ལས་སྐྱོན་གྱི་ཡོད་ནའང་། ད་དུང་ཐོག་མའི་སྨན་བཅོས་ལྟ་སྐྱོང་གི་དམིགས་ས་དེ་མ་ཟིན་པའི་རྐྱེན་རྩ་དེ་གང་ལ་ཐུག་ཡོད་མེད་ལས་བྱེད་རྣམ་པས་མཁྱེན་གསལ་ཡིན་པ་དང་། གཞི་རྩའི་བཙན་བྱོལ་སྤྱི་ཚོགས་ནང་སྨན་བཅོས་ལྟ་སྐྱོང་ལས་གཞིར་འགོག་རྐྱེན་སྣ་ཚོགས་འཕྲད་ཀྱ་ཡོད་ཀྱང་ད་ཆར་མང་པོ་ཞིག་ལས་གཞི་འདིར་ཞུགས་ཡོད་པ་དང་། ད་ལོ་གྲངས་ཐོ་འབྱོར་བའི་ནང་འགྱུར་བ་ཞེ་དྲགས་ཕྱིན་མེད་པ་དང་། གནས་ཚུལ་དེས་བོད་མིའི་སྤྱི་ཚོགས་ལས་གཞི་འདིར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ར་འཕྲོད་ཀྱི་ཡོད་ནའང་། ས་གནས་ཁ་ཤས་ནང་ད་དུང་གནད་དོན་ལྷག་སྡོད་པའི་དོགས་གཞི་ཡོད་སྟབས། ས་གནས་ས་ཐོག་གི་འཕྲོད་བསྟེན་ལས་ཁུངས་སོ་སོས་ཁ་གསལ་གྱི་ཐོག་ནས་གནད་དོན་གསལ་བཤད་གནང་རྒྱུ་གལ་ཆེན་ཆགས་ཡོད།

ད་ཆར་འཕྲོད་བསྟེན་ལས་ཁུངས་ངོས་ནས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མི་མང་ཅི་ཙམ་འཛུལ་ཞུགས་བྱས་པ་དེ་ཙམ་གྱིས་མ་དངུལ་ཕུལ་སྡོད་ཀྱི་ཡོད་པ་དང་། ད་ལྟ་སྨན་བཅོས་ལྟ་སྐྱོང་གཞིའི་ནང་རོགས་དངུལ་འབུམ་གཅིག་ལྷག་འབུལ་བཞིན་ཡོད་ནའང་། མ་འོངས་པར་འཛུགས་ཞུགས་མི་གྲངས་གཞིར་བཟུང་གིས་རོགས་དངུལ་དེ་ལས་མང་བ་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ཉིན་རྒྱབ་འཕྲོད་ལས་དང་སྨན་ཞབས། དེ་བཞིན་རྒྱ་གར་སློབ་སྟོན་པ་བཅས་ཀྱིས་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཐོག་གོ་བསྡུར་ཟབ་སྦྱོང་འཚོགས་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༡༢

Leave a Reply

4 thoughts on “སྨན་བཅོས་ལྟ་སྐྱོང་ལས་གཞིར་མི་མང་གིས་ཡིད་ཆེས་དང་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    སྨ།ན་བཅོས་བལྟ་སྐྱོང་ལས་གཞི་འམ་འཕྲོད་བསྟེན་ཉེན་སྲུང་དང་འབྲེལ་བའི་སྐོར་ལ་བསམ་ཚུལ་གླེང་འདོད་བྱུང་ དེང་སྐབས་མིའི་ཚེ་སྲོག་ལ་འགན་འཁུར་གནང་མཁན་གྱི་གཞུང་སྒེར་མང་དག་ཞིག་ནས་འཕྲོད་བསྟེན་ཉེན་སྲུང་ལ་འགན་འཁུར་ནས་འཕྲོད་བསྟེན་ཉེན་སྲུང་གི་ཁྲོམས་ར་ཞིག་ཏུ་བསྒྱུར་བའི་སྐབས་འདིར་ང་ཚོའི་སྨན་བཅོས་བལྟ་སྐྱོང་གི་ལས་འཆར་ལ་བསྐྱར་བཅོས་ཟབ་ནན་མ་ཐུབ་ཚེ་མ་འོང་རྒྱལ་ཡོངས་འཕྲོད་བསྟེན་ཉེན་སྲུང་གི་ཁྲོམས་རའི་མགྲན་བསྡུར་ནས་ང་ཚོར་རྒྱལ་ཁ་ཐོབ་དགོས་ན་ད་ལྟ་ནས་སྨན་བཅོས་བལྟ་སྐྱོང་ལས་འའཆར་སྒྲིག་གཞི་ལ་བསྐྱར་བཅོས་གནང་ནས་སྔོན་འཐོན་བྱ་དགོས་པ་ནི་དེང་སྐབས་སྤྱི་ཚོགས་ནང་འཕྲོད་བསྟེན་ཉེན་སྲུང་གི་ལས་གཞི་སྤེལ་མཁན་སྤྱི་སྒེར་གཉིས་ནས་ཚང་ཁ་ཤིག་ཤིག་གི་མགྲན་བསྡུར་གྱྱིས་དུས་རབས་ནང་ང་ཚོ་འཚོ་བཞིན་པ་དེ་ཡང་གསལ་པོ་མཁྱེན་དགོས་པའི་དུས་ལ་སླེབས་པ་མ་རེད་དམ་?

  2. སྲས་སྐུ་ངོ་།

    སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མི་མང་ན་ཡག་ཤོས་རེད། དེ་མིན་དེ་སྔོན་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ཨ་སྒོ་ས་ཡ་༢༣་ལྷག་སྤྲད་དང་སྤྲོད་བཞིན་ཡོད་པ་དེ་སྲིད་འཛིན་གླང་མགོ་དམར་པོས་གཅོད་སྲིད།