སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་ཡིག་སོགས་སྐད་རིགས་གཞན་ནང་བསྒྱུར་འཆར་ཡོད་ཟེར།

ཤེས་རིག་རྩོམ་སྒྲིག་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནས་ཚིག་མཛོད་རྩོམ་སྒྲིག་ལ་ལག་པ་སྙོབ་ཐུབ་ནའང་། བོད་ནང་ལ་ལག་སྙོབ་ཐུབ་རྒྱུ་དེ་ཆབ་སྲིད་ཀྱི་ཆ་ནས་དཀའ་ངལ་གྱི་རང་བཞིན་ཞིག་ཆགས་ཡོད་སྟབས། དགེན་སྨོན་ལམ་ལགས་ཀྱིས་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞིའི་ནང་བོད་ཕྱི་ནང་གཉིས་ལ་ལག་པ་སྙོབ་ཐུབ་པ་བྱུང་བ་དེ་ཧང་སང་དགོས་པ་ཞིག་ཡིན་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཐ་སྙད་འཚོལ་བསྡུ་གནང་ཕྱོགས་སྐོར་ལ་ཉིན་གཉིས་རིང་ཟབ་སྦྱོང་ཚོགས་འདུ་ཚོགས་སོང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པའི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་། དེ་བཞིན། ཆོས་བརྒྱུད་གྲུབ་མཐའ་ཁག་གི་རྩོམ་སྒྲིག་མི་སྣ་དང་ཚོགས་མི་བཅས་འཛོམས་འདུག

བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་སྐབས། སྨོན་ལམ་བོད་ཀྱི་བརྡ་སྤྲོད་ཞིབ་ཁང་གི་ལས་འཆར་དེ་རྩ་བའི་ལོ་ངོ་ ༩ རིང་གི་ལས་འཆར་ཞིག་ཡིན་པ་དང་། ལོ་རེར་ཚོགས་ཆེན་ཐེངས་རེ་བསྡུས་ཏེ་རྩོམ་སྒྲིག་ཚོགས་ཆུང་རེ་རེ་ནས་བསྒྲུབས་པའི་ལས་ཀ་དེ་དག་རྩིས་ལེན་དང་། ཁོ་ཚོས་རྩོམ་སྒྲིག་བྱས་པ་དེ་དག་འགྲིག་གི་ཡོད་མེད་དང་། དེ་རྩ་འཛུགས་དང་ཏག་ཏག་མཐུན་གྱི་ཡོད་མེད་བཅས་ལ་བསྐྱར་ཞིབ། མ་འགྲིག་པ་དེར་ལམ་སྟོན་དང་འགྲིག་པ་དེ་གཉེན་ཆའི་ཨ་མའི་ནང་སྡུག་པ་སོགས་གཙོ་བོ་གཅིག་དེ་ཡིན། གཞན། ང་ཚོས་ཚིག་མཛོད་རྩོམ་སྒྲིག་པ་ཚོར་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་ལྟར། ད་ལོར་ང་ཚོས་ཟབ་སྦྱོང་སྤྲོད་ས་གཙོ་བོ་དེ་བརྡ་ཆད་ཀྱི་སྐོར་ལ་གཙོ་བོ་དམིགས་ཡོད་ལ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཚོགས་འདུར་བཅར་བའི་རྩོམ་སྒྲིག་ཚོགས་ཆུང་ ༣༣ ནས་ཡོང་བའི་སྐུ་ཚབ་ཚོས་རང་ཉིད་ཀྱིས་ལས་ཀའི་ཉམ་མྱོང་དང་། འདས་པའི་ལོ་གཅིག་གི་ལས་ཀའི་ཉམ་མྱོང་ཁྲོད་དཀའ་ངལ་ག་རེ་འཕྲད་ཡོད་མེད།  དེ་ལ་འགྱུར་བཅོས་དང་ཡར་རྒྱས་ག་རེ་གཏོང་དགོས་མིན་སོགས་ཀྱི་ཆེད་དུ་ཡིན། ང་ཚོར་ཚོགས་ཆུང་ ༣༣ ཡོད་པ་ནས་ཚོགས་ཆུང་ ༥ མ་གཏོགས་དེ་མིན་མང་ཆེ་བ་ཆོས་ལུགས་ཀྱི་སྐོར་ནས་ཡིན་པ་རེད། ཡིན་ནའང་ཆོས་ལུགས་ཁག་གི་བླ་ཆེན་ཚོའི་རྣམ་ཐར་དང་ལོ་རྒྱུས་དེ་ཚོ་ཡང་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་བྱེད་ཀྱིན་ཡོད་པ་རེད། དེ་ནས་གཙོ་བོ་གཅིག་དེ་ཆོས་ལུགས་དང་ལྟ་གྲུབ་ཁག་རེད། ཆོས་ལུགས་ཀྱི་ཐ་སྙད་ལ་མཚོན་ན་ཡང་བོད་ཀྱི་ཆོས་བརྒྱུད་ཁག་གི་ཐ་སྙད་གྲུབ་སྟངས་འདྲ་གི་མེད་དུས། ཐ་སྙད་འགྲེལ་སྟངས་འདྲ་བོ་མེད་པ་དང་ལྷག་པར་དུ་བོད་ལ་ལྟ་གྲུབ་ཀྱི་འགྲོ་སྟངས་ཧ་ཅང་རྒྱ་ཆེན་པོ་ཞིག་ཡོད་པས། མི་གཅིག་གིས་གང་ཡང་བྱ་ཐབས་མེད་དུས། ང་ཚོས་ཆོས་རྒྱུད་གྲུབ་མཐའ་སོ་སོ་ངེས་པར་དུ་འགན་ཁུར་དགོས་པར་སྐུལ་བ་ཡིན། ང་ཚོས་མཉམ་རུབ་ཀྱི་ལས་ཀ་དེ་འདྲ་ཞིག་བྱེད་ཀྱི་ཡོད་དུས་མ་འོངས་པར་ཐ་སྙད་ཀྱི་འགྲེལ་བཤད་དེ་གྲ་རྒྱས་ཤོས་དང་ཡག་ཤོས་ཡོང་བར་རེ་བ་རྒྱག་གི་ཡོད། དཔེར་ན། རྙིང་མའི་ཆོས་བརྒྱུད་ཀྱི་ཐ་སྙད་ཁག་ལ་མཚོན་ན་རྙིང་མ་ཁོ་རང་ཚོས་འགྲེལ་བཤད་བརྒྱབ་ནས་ཡག་པོ་ཞིག་མ་བྱུང་བ་ཡིན་ན། འཛམ་གླིང་སྒང་འདིར་ཐ་སྙད་དེ་དག་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཐུབ་མཁན་ཁག་པོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོས་ཆོས་བརྒྱུད་ཁག་ལ་ལས་ཀ་དེ་བྱེད་དུ་བཅུག་ཡོད། ཡིན་ནའང་ཐ་སྙད་དེ་ཚོར་གང་བྱུང་འགྲེལ་བཤད་བརྒྱབ་ན་འགྲིག་གི་མེད་པར་ང་ཚོས་དེ་ལ་རྩ་འཛིན་ཡིག་ཆ་དང་ཁུངས་ལུང་ཡོད་པ་ཞིག་བཟོས་ཏེ། མ་འོངས་པར་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་ག་རེ་ལ་སྦྱང་འདོད་ན་ལས་སླ་བོར་ལྟ་ཆོག་ཆོག་ཅིག་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་།

དགེ་བཤེས་སྨོན་ལམ་ལགས་ཀྱིས་མུ་མཐུད་བརྗོད་དོན། སྨོན་ལམ་ཚིག་མཛོད་གསར་བ་དེས་མ་འོངས་པར་ཆོས་ལུགས་རེས་མེད་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་ཡོད། ད་ལྟ་མང་པོ་ཞིག་གིས་ཧ་མ་གོ་བའི་ཐོག་ནས་མཆོག་འཛིན་བྱས་བསྡད་ཡོད་པ་རེད། ཧ་གོ་ནས་མཆོག་འཛིན་བྱེད་མཁན་ཚོར་བྱེད་ཐབས་གང་ཡང་མེད་ནའང་། ཧ་མ་གོ་མཁན་ཚོས་ཐ་སྙད་གཅིག་ལ་བལྟས་པ་ཡིན་ན། གྲུབ་མཐའ་གཅིག་གིས་དེ་ལྟར་ལབ་འདུག་གྲུབ་མཐའ་གཞན་ཞིག་གིས་དེ་འདྲ་བཤད་འདུག་ཅེས་འགྲེལ་བཤད་བརྒྱབ་ཆོག་ཆོག་བྱས་ཡོད། ཆོས་ལུགས་གྲུབ་མཐའ་ཁག་ལ་མཚོན་ན་ཕན་ཚུན་སློབ་སྦྱོང་བྱ་ཐུབ་པ་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་ཡོད། འདས་པའི་ལོ་འདི་དག་རིང་སྨོན་ལམ་བརྡ་འཕྲིན་ཞིབ་མཇུག་ཁང་གིས་ཤུགས་རྒྱག་ས་གཙོ་བོ་ནི། ཆོས་བརྒྱུད་ཁག་གིས་དཀའ་ལས་མང་པོ་ཞིག་རྒྱབ་བསྡད་ཡོད་པ་དེ་ལ་ནུས་པ་ཡོད་པ་ཞིག་བཟོ་རྒྱུར་ཤུགས་བརྒྱབ་ཡོད། དེ་ནས་གཙོ་བོ་གཞན་གཅིག་ནི། ལས་ཁུངས་རང་ནས་སྔོན་མ་སྤྱི་ཚོགས་སྒང་ལ་བཀྲམས་ཡོད་པའི་ཚིག་མཛོད་དེ་དག་ལ་བསྐྱར་ཞིབ་དང་ཞི་དག་ཐེངས་དགུ་ལ་འགྲོ་བ་ཡིན། ད་ལྟ་ཕལ་ཆེར་ཚར་གྲབས་ཡོད། གཉིས་པ་དེ་ང་ཚོས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྟེང་བོད་ཀྱི་ཚིག་མཛོད་རིག་པ་ཞེས་པའི་ཚོགས་ཚུང་ཞིག་ཟུར་དུ་བཙུགས་ཏེ་གཙུགས་ལག་སློབ་གྲྭ་ཁག་མཉམ་རུབ་ཀྱིས་དེའི་སྒང་ལ་བགྲོ་གླེང་དང་སྨོན་ལམ་ཚིག་མཛོད་དེ་རྒྱལ་སྤྱིའི་སྐད་བརྡ་རིག་པའི་སློབ་དཔོན་མང་པོ་ཞིག་དང་མཉམ་དུ་བགྲོ་གླེང་བྱ་ཐུབ་པ་བྱས་ཡོད། ཁོ་ཚོ་དང་འབྲེལ་བ་བྱས་ནས་མ་ལག་ (IT) བཟོ་གྲྭ་ཆེན་པོ་དེ་འདྲ་དང་འབྲེལ་བ་བྱས་ཏེ་མཉེན་ཆས་མ་ལག་ག་རེ་ཡིན་ནའང་། དེ་ (D4) ཐོག་ལ་འཇོག་ཐུབ་དགོས་པ་དང་། ལས་གཞི་དེ་དག་ད་ལྟ་འགྲོ་བཞིན་ཡོད། དེ་མིན་རྒྱ་ནག་གཙོས་པའི་མ་ལེ་ཞི་ཡ་དང་སང་གྷ་པོར་སོགས་སུ་ནང་ཆོས་ལ་སློབ་གཉེར་གནང་མཁན་ནང་པ་ས་ཡ་མང་པོ་ཡོད་སྟབས། སྨོན་ལམ་ཚིག་མཛོད་ཆེན་མོ་དེ་རྒྱ་ཡིག་ནང་བསྒྱུར་འཆར་ཡོད། ཅེས་སོགས་བརྗོད་སོང་།

ཤེས་རིག་རྩོམ་སྒྲིག་ཚན་པའི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས། དགེན་སྨོན་ལམ་ལགས་ཀྱི་ཕྱག་ལས་གནང་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས། ལྷག་པར་དུ་བོད་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཚང་མས་དགའ་བ་སྒོམ་དགོས་པ་ཞིག་དང་། དགེན་སྨོན་ལམ་ལྟ་བུ་གཉིས་གསུམ་བྱུང་བ་ཡིན་ན། ང་ཚོའི་བོད་སྐད་ཡིག་འདི་འཕེལ་རྒྱས་དང་ཁྱབ་ཆེན་པོ་ཆགས་ཐུབ་སྐོར་དང་། སྨོན་ལམ་ཚིག་མཛོད་སོགས་ཀྱིས་སློབ་གྲྭ་ཁག་གི་དགེ་སློབ་ཚོ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཐུགས་ཕན་ཆེན་པོ་བཟོས་ཡོད་པ་དང་། ཚིག་མཛོད་རྩོམ་སྒྲིག་བྱེད་པའི་ལས་ཀ་དེར་དུས་ཡུན་རྒྱུན་རིང་པོ་དང་ལས་ཀ་ཞིབ་ཚགས་པོ་ཞེ་དྲགས་དགོས་ཀྱི་ཡོད་དུས། ལས་ཀ་དེ་དཔེ་མི་སྲིད་པའི་དཀའ་ལས་ཁག་པོའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། མི་མང་གི་ལྟ་ས་གཙོ་བོ་དེ་ཚིག་མཛོད་ཆགས་ཡོད་དུས། ཚིག་མཛོད་དེ་ཁུངས་དག་པོ་དང་ཡག་པོ་ཞེ་དྲགས་དགོས་རྒྱུ་གནད་འགག་ཆགས་བསྡད་ཡོད། ད་ལན་དགེན་སྨོན་ལམ་ལགས་ཀྱི་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞིའི་ནང་ཆ་ཤས་ལེན་མཁན་མི་ ༡༣༥ དང་། ལྷག་པར་དུ་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞིའི་ནང་བོད་ཕྱི་ནང་གཉིས་ལ་ལག་པ་སྙོབ་ཐུབ་པ་བྱུང་ཡོད་པ་དེ་ཧང་སང་དགོས་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཡིན་ནའང་ཚིག་མཛོད་ལ་ལག་པ་སྙོབ་ཐུབ་ནའང་། བོད་ནང་ལ་ལག་པ་སྙོབ་ཐུབ་རྒྱུ་ཆབ་སྲིད་ཀྱི་ཆ་ནས་དཀའ་ངལ་གྱི་རང་བཞིན་ཞིག་ཆགས་ཡོད་པ་དང་། རྒྱལ་སྤྱིའི་སྡིངས་ཆ་ཁག་མང་པོ་ཞིག་སྟེངས་ལའང་དགེན་སྨོན་ལམ་ལགས་ཀྱིས་བོད་སྐད་ཡིག་དེ་དུས་རབས་དང་མཐུན་པའི་གོྱ་འགྲོས་བྱེད་པའི་ནུས་པ་བཏོན་པ་དེ་དཔེ་མི་སྲིད་པའི་རླབས་ཆེན་ཡིན་པ་དང་། ཨོ་ཁི་སི་ལྷོར་ཌི་ཚིག་མཛོད་ལྟ་བུར་ཆ་མཚོན་པ་ནའང་། དེ་ལ་ངོ་ལོ་ ༡༦༠ རིང་གི་ལོ་རྒྱུས་ཡོད་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད་པ་དང་། ཚིག་མཛོད་དེ་ཐོག་མར་རྩོམ་སྒྲིག་བྱེད་སྐབས་ཀྱི་དུས་ཡུན་འཆར་གཞི་ལོ་ ༡༠ ཡིན་ནའང་། རྩོམ་སྒྲིག་བྱས་པར་ལོ་བཞི་བཅུ་ཞེ་གྲངས་ཤིག་འགོར་ཡོད་པ་དང་། ལྷག་པར་དུ་ཚིག་མཛོད་དེ་གློག་ཀླད་ནང་སྡུག་སྐབས། ལས་མི་ ༡༢༠ དང་ཞུ་དག་གཏོང་མཁན་མི་ ༥༠ ཡོད་པ་དང་། དེའི་འགྲོ་སོང་ལ་ཆ་མཚོན་པ་ཡིན་ནའང་། ཨ་སྒོར་ས་ཡ་ ༡༣ ནས་ ༡༤ བཏང་བའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེར་བརྟེན་དགེན་སྨོན་ལམ་ལགས་ཀྱིས་དཀའ་ངལ་མང་པོ་ཞིག་ལ་མ་བལྟས་པར་ཐ་སྙད་འབུམ་གཅིག་ལྷག་ཡོད་པའི་ཚིག་མཛོད་ཆེན་པོ་དེ་འདྲ་པར་བསྐྲུན་ཐུབ་པ་དང་། རྒྱ་ཡིག་ནང་བསྒྱུར་བ་སོགས་ཀྱི་ལས་གཞི་དེ་དངོས་གནས་གཟི་བརྗིད་ཆེན་པོ་ཡིན་སྐོར་དང་། དགེན་སྨོན་ལམ་གཙོས་པའི་ཚིག་མཛོད་རྩོམ་སྒྲིག་གི་ལས་གཞིའི་ནང་ཚ་ཚ་འུར་འུར་གྱིས་ལག་ཕྱག་མཁན་ཚང་མར་བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རྣམ་པ་ཚོས་མུ་མཐུད་ཕྱག་ལས་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དུས་སྐབས་འདིར་བོད་སྐད་ཡིག་འདི་ཆ་ཚང་ཞིག་གློག་ཀླད་ནང་འཇུག་ཐུབ་པ་ཡིན་ན། མ་འོངས་པར་བོད་སྐད་ཡིག་དང་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་མཁན་ཡིན་ནའང་ལས་སླ་བོ་དང་སྟབས་བདེ་པོ། ཆོས་ལུགས་རེས་སུ་ཆད་པའི་ཆོས་ཚིག་གི་གོ་དོན་རྟོགས་ཐུབ་པ་མ་ཟད། བོད་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐུབ་པའི་གནད་འགག་ཡང་ཆགས་ཡོད་སྐོར་སོགས་བརྗོད་སོང་།

དེ་རིང་ཕྱི་དྲོ་ནས་སང་ཉིན་ཕྱི་དྲོ་བར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་ཚིག་མཛོད་ཀྱི་རྩ་སྒྲོམ་ལས་བརྡ་ཆད་ཚད་གཞིའི་སྐོར་ལ་ཟབ་སྦྱོང་དང་དྲི་བ་དྲིས་ལན། ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམ་པས་ལོ་གཅིག་རིང་རྩོམ་སྒྲིག་ཟིན་པའ་ཐ་སྙད་ཁག་བསྡུ་ལེན་བཅས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༢༠

Leave a Reply

2 thoughts on “སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་ཡིག་སོགས་སྐད་རིགས་གཞན་ནང་བསྒྱུར་འཆར་ཡོད་ཟེར།

  1. སྲས་སྐུ་ངོ་།

    རྒན་སྨོན་ལམ་ལགས་ཡིད་རངས་དང་བསྔགས་བརྗོད་ཡོད། སྨོན་ལམ་ཚིག་མཛོད་སྐད་ཡིག་གཞན་ལ་བསྒྱུར་གྱི་ཡོད་པ་སྐད་ཡིག་གང་ལ་བསྒྱུར་བའི་མི་རིགས་དེ་ལས་ཀ་རེད། དེ་ལ་འགྲོ་སོང་དང་དུས་ཚོད་གཉིས་ཀ་འཕྲོ་བརླག་རང་རེད། དེ་ལས་འགྲོ་སོང་དང་དུས་ཚོད་གཉིས་མི་རིགས་ཀྱི་རིག་གཞུང་ནང་འདྲེན་བྱས་ན་ཡག་པོ་མེད་འགྲོ།

  2. ཐོས་པ་དགའ།

    བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཆེ་ཞིང་། ལས་ལ་བརྩོན་པ། སྙིང་སྟོབས་ཕུལ་དུ་བྱུང་བའི་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གི་ཐུགས་འདོད་རྣམས་གེག་མེད་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། 🙏🙏🙏🇫🇷