སྤྱི་ཁྱབ་གསར་པས་ཧོང་ཀོང་ལམ་ཁ་གསར་པ་ཞིག་ཏུ་འཁྲིད་དགོས་ཟེར།

རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས་ཧོང་ཀོང་སྤྱི་ཁྱབ་གསར་བར་ཧོང་ཀོང་སྲིད་གཞུང་གསར་བ་དང་ཧོང་ཀོང་སྤྱི་ཚོགས་སྡེ་ཚན་ཡོངས་ཕན་ཚུན་མཐུན་སྒྲིལ་བྱས་ཏེ། ཧོང་ཀོང་དཔལ་འབྱོར་ཡར་རྒྱས་དང་མདུན་སྐྱོད་ཀྱི་ལམ་སྣེ་གསར་བ་ཞིག་ཏུ་འཁྲིད་དགོས་ཞེས་ལམ་སྟོན་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༩ ཉིན། གསར་དུ་བདམས་ཐོན་བྱུང་མ་ཐག་པའི་ཧོང་ཀོང་སྤྱི་ཁྱབ་གསར་པ་ལྕམ་ཀེར་ལཱམ་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཏུ་འབྱོར་ཡོད་པ་དང་། རྒྱ་ནག་རྒྱལ་ས་པེ་ཅིན་ནུབ་ཕྱོགས་ཀྱི་ཀྲོང་ནཱན་ཧེ་ (Zhongnanhai) ཚོགས་ཁང་ནང་། ཧོང་ཀོང་སྤྱི་ཁྱབ་གསར་བ་ལྕམ་ཀེར་ལཱམ་ལགས་སུ། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཧོང་ཀོང་སྤྱི་ཁྱབ་གསར་བར་ཆེ་བསྟོད་ལག་ཁྱེར་སྤྲད་རྗེས། ལི་ཡིས་འདི་ནི་འགན་འཁུར་ལྗི་མོ་ཞིག་ཡིན་ཞེས་བརྗོད་ཡོད།

སྐུ་ཞབས་ལི་ཡིས་“རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གཞུང་གསར་བ་དང་མི་མང་ལ་རེ་བ་ཆེན་པོ་བཟུང་ཡོད་”ཅེས་དང་། “རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གཞུང་གསར་བའི་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐབས་སུ་རོགས་རམ་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད།

སྲིད་བློན་ལི་ཁེ་ཆང་གིས་ད་དུང་ཧོང་ཀོང་དང་རྒྱ་ནག་མཉམ་འབྲེལ་གྱི་ལས་གཞིའི་སྐོར་བརྗོད་ཡོད། དེ་ནི་ཟླ་སྔོན་མའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་སྟེང་ལེ་ཁི་ཆང་གིས་ཧོང་ཀོང་དང་མཱ་ཁཱོ། ཀཱོང་ཏོན་ (Hong Kong, Macau, Guangdong) བཅས་མཉམ་གནས་ཀྱིས་ཨེ་ཤ་ཡའི་ལྷོ་རྒྱུད་ཀྱི་མཚོ་འགྲམ་ཁྲོམ་རྭ་གལ་ཆེན་ཞིག་བསྐྲུན་པར་འབད་ཀྱིན་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་ཁོ་ཚོས་དེའི་ཐད་མཉམ་འབྲེལ་གན་རྒྱ་ཞིག་འཇོག་རྒྱུ་ཡིན་པའི་སྐོར་བཤད་ཡོད།

ལི་ཁེ་ཆང་གིས་ “ང་ཚོས་འཆར་གཞི་མང་པོ་ཞིག་བསྒྲིག་དགོས་དོན་ནི་ཧོང་ཀོང་གི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་འཆམ་མཐུན། བདེ་འཇགས་ཡོང་ཐབས་སོགས་ཀྱི་ཆེད་དུ་ཡིན་”ཞེས་བརྗོད་འདུག ད་དུང་ཁོས་ “ངའི་རེ་བ་ལ། ཁྱེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཧོང་ཀོང་གི་རྨང་གཞིའི་རྩ་ཁྲིམས་གཞིར་བཞག་གིས་ཧོང་ཀོང་གཞུང་གསར་བ་མདུན་སྐྱོད་དང་མཐུན་སྒྲིལ་བྱས་ཏེ། ཧོང་ཀོང་མདུན་ལམ་གསར་བ་ཞིག་གི་ཐོག་འཁྲིད་ཐུབ་པའི་རེ་བ་ཡོད་” ཅེས་སོགས་བརྗོད་ཡོད།

ལྕམ་ཀེར་ལཱམ་ལགས་ཀྱིས་ “ང་ལ་སྲིད་བློན་ལི་ཁེ་ཆང་དང་པེ་ཅིན་གཞུང་གིས་ཧོང་ཀོང་སྤྱི་ཁྱབ་བཞི་བའི་ཆེ་བསྟོད་ངོས་འཛིན་ཕྱག་ཁྱེར་གནང་བ་དང་། ཧོང་ཀོང་མི་མང་གིས་ཧོང་ཀོང་སྤྱི་ཁྱབ་ལ་ངོས་ལེན་བྱས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” ཞེས་བརྗོད་ཡོད། ད་དུང་མོས་ “སྲིད་བློན་ལི་ཁེ་ཆང་གིས་གསུངས་བ་ལྟར་འོས་འགན་འདི་ནི་ཧ་ཅང་ལྕི་མོ་ཞིག་ཡིན་རུང་། ངས་བཅའ་ཁྲིམས་གཞི་རྩར་བཟུང་ཐོག་ཧོང་ཀོང་སྤྱི་ཁྱབ་ཀྱི་འབྱུང་འགྱུར་ལོ་ལྔའི་སྲིད་དབང་ལག་ལེན་བྱེད་རྒྱུ་ཡིན་ལ། དེ་ནི་ཧོང་ཀོང་སྲིད་གཞུང་གསར་བ་ཙམ་མ་ཡིན་པར་ཧོང་ཀོང་མི་མང་ཡོངས་ལ་དོ་དམ་ནན་པོའི་ཐོག་སྲིད་ཞུ་སྒྲུབ་རྒྱུ་ཡིན” ཞེས་བརྗོད་ཡོད།

ལྕམ་ཀེར་ལཱམ་གྱིས་དམ་བཅའ་བཞག་སྟེ། ཧོང་ཀོང་རྩ་ཁྲིམས་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཧོང་ཀོང་གི་ཆེས་མཐོའི་རང་སྲིད་རང་སྐྱོང་ཁྲིམས་ལུགས་ལག་བསྟར་གྱིས་གྲོང་ཁྱེར་དེའི་ཡར་རྒྱས་དང་བདེ་འཇགས་སྲུང་རྒྱུ་ཡིན་ཞེས་བརྗོད་ཡོད།

ཐེངས་འདིར་པེ་ཅིན་ཀྲོང་ནཱན་ཧེ་ཚོགས་ཁང་དུ། ལྕམ་ཀེར་ལཱམ་ལགས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་ཐུག་འཕྲད་སྐབས། ཁོང་མོའི་ཁྱོ་ཀ་ལཱམ་སཱོར་པཱོར་ (Lam Siu-por) དང་བུ་རྒན་པ་ཇཱར་མཱེ་ལཱམ་ཊི་ཛི(Jeremy Lam Tsit-sze)། ད་དུང་ལྕམ་ཀེར་ལཱམ་རང་ཉིད་ཀྱིས་གདམ་པའི་སྤྱི་ཁྱབ་དྲུང་ཡིག་ཇཱར་སི་དིན་ཡཱི་མཱེ་ (Jessie Ting Yip Yin-mei)བཅས་ལྷན་དུ་ཡོད་འདུག

ཐུག་འཕྲད་དེར་རྒྱ་ནག་གི་ཕྱི་སྲིད་ལས་བྱེད་མཐོ་བ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་དག་ནི་ཞིང་ཆེན་ཡོངས་ཀྱི་འཐུས་མི་ཡཱང་ཅཱི་ཁྲི་ (Yang Jiechi) དང་། རྒྱ་ནག་གི་ཧོང་ཀོང་དང་མཱ་ཁཱོའི་སྤྱི་ཁྱབ་འགན་འཁུར་བ་བཱང་གཱང་ (Wang Guangya)། པེ་ཅིན་དང་ཧོང་ཀོང་འབྲེལ་མཐུད་ཁང་གི་འགན་འཛིན་ཀྲང་ཞའོ་མཱེན་(Zhang Xiaoming) སོགས་མཉམ་ཞུགས་བྱས་ཡོད།

དེ་རིང་ཕྱི་ཚེས་ ༡༡ ཉིན་ལྕམ་ཀེར་ལཱམ་ལགས་ཞི་ཅིན་ཕིན་དང་ཐུག་འཕྲད་བྱེད་བཞིན་ཡོད་འདུག་པ་དང་། དེའི་རྗེས་པེ་ཅིན་ཏུ་ཡོད་པའི་ཧོང་ཀོང་མི་སེར་དང་གསར་འགོད་པར་དྲི་བ་དྲི་ལན་གྱི་ཚོགས་འདུ་ཞིག་ཀྱང་བསྐོང་ཡོད་འདུག

ལྕམ་ཀེར་ལཱམ་གྱིས་སྐུ་ཞབས་བཱང་གཱང་ལགས་དང་ལྷན་ཏུ་ཆུ་ཚོད་ ༢ ལྷག་གླེང་མོལ་བྱས་བ་དང་། དེའི་རྗེས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཀྲིང་ཏིག་ཅིང་ (Zhang Dejiang) ལགས་ལྷན་ཏུ་ཆུ་ཚོད་ ༣ རིང་གླེང་མོལ་བྱས་ཡོད།

༢༠༡༢ ལོར་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཧོང་ཀོང་སྤྱི་ཁྱབ་སྔ་མ་ལཱིན་ཊེན་ལགས་སུ་འདི་ལྟར་བཤད་ཡོད། ལྐོག་ཟ་རུལ་སུངས་ཀྱི་གཞུང་ཞིག་གཙང་བཟོ་བྱེད་འདོད་ཚེ། ཁྱེད་ཀྱིས་གྲོང་ཁྱེར་དེའི་ལས་བྱེད་མཐོ་བ་ཁག་ནས་མགོ་བརྩམས་ཏེ་བརྩད་ཞིབ་བྱེད་དགོས་ཅེས་བརྗོད་ཡོད། ཝུན་ཅ་པའོ་ཡིས་ད་དུང་ཁོ་ལ་ཧོང་ཀོང་སྤྱི་ཁྱབ་འོས་བསྡུའི་ཁྲོད། ཁ་བྲལ་ཏུ་སོང་བའི་མི་དམངས་བསྐྱར་ཏུ་མཐུན་སྒྲིལ་བྱོས་ཅེས་སོགས་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༡༡

Leave a Reply