ཊི་རུམ་ཕིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བའི་རེ་བ་དང་ཡིད་ཆེས་ཡོད།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྲིད་འཛིན་ཊི་རུམ་ཕིའང་ཨ་རིའི་སྲིད་འཛིན་སྔོན་མ་ཚོ་དང་འདྲ་བར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བ་དང་། ༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་བའི་རེ་ཡོད་སྐོར་གསུངས་འདུག

དེ་རིང་ཨེ་ཤ་ཡ་རྒྱལ་སྤྱིའི་གསར་གནས་ (ANI) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཨ་རིའི་སྲིད་འཛིན་སྔོན་མ་ཚོ་ནང་དང་འདྲ་བར་སྲིད་འཛིན་གསར་བ་ཊི་རུམ་ཕིས་ཀྱང་བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་ཡོང་བ་དང་། ༧གོང་ཏཱ་ལའི་བླ་མཆོག་ལ་མཇལ་འཕྲད་ཞུ་བའི་རེ་བ་དང་ཡིད་ཆེས་ཡོད་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་གསར་འགོད་པར། ཕྱིས་ཚེས་ ༢༠ ནས་ཉིན་གསུམ་རིང་ཁོང་ཨ་རིའི་རྒྱལ་ས་ཝ་ཤོན་ཊོན་ནང་སྐོར་སྐྱོད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་གཙོས་པའི་འབྲེལ་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་ཁག་ཅིག་ལ་ཐུག་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལས་ལྷག་པ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་དང་། ལོ་གསུམ་གྱི་གོང་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་དོན་ཚན་བརྒྱད་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་ལྟར། ད་ཆར་དོན་ཚན་གཅིག་མ་གཏོགས་གཞན་ཚང་མ་འགྲུབ་ཚར་ཡོད་པ་དང་། ད་ལན་གྱི་བོད་དོན་རྒྱབ་སྐྱོར་ཞུ་ཕྱོགས་ཀྱི་དོན་ཚན་ནང་། ཨ་རིའི་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་དང་ལངས་ཕྱོགས་གསལ་བོ་ཡོང་ཐབས་སྐོར་ཡིན་པ་དང་། སྤྱིར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་གསར་རྙིང་མང་པོས་བོད་དོན་ཐོག་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་ནའང་། ཁོང་ཚོས་བོད་དོན་ཐོག་ལས་ཀ་བྱེད་པ་དེ་ཁྱབ་བསྒྲགས་ཀྱི་ཆེད་དུ་མིན་པར་བོད་དོན་འགྲུབ་པའི་སླད་དུ་ཡིན་སྟབས་ལས་དོན་ལ་ལ་ཞིག་གསང་བ་ཡིན་སྐོར་དང་། དེ་བཞིན། ཨ་རིའི་སྲིད་འཛིན་ཟུར་བ་མང་ཆེ་བས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནང་ཆིབས་བསྒྱུར་སྐབས། ད་ལྟའི་ཨ་རིའི་སྲིད་འཛིན་གསར་བ་སྐུ་ཞབས་ཊི་རུམ་ཕ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་མི་ཐུབ་ནའང་། མ་འོངས་པར་སྲིད་འཛིན་ཊི་རུམ་ཕིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་བར་ཡིད་ཆེས་དང་རེ་བ་ཡོད་སྐོར་གསུངས་ཡོད་པ་རེད།

ཨེ་ཤ་ཡ་རྒྱལ་སྤྱིའི་གསར་གནས་ (ANI) ཁང་གིས་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་། ཁ་སང་ཕྱི་ཚེས་ ༡༩ ཉིན་ནས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་སུ་ཌེ་ཨ་ར་བྷེ་ཡ་དང་། ཨེ་ཛི་རལ་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་གཟིགས་སྐོར་བྱེད་ཀྱིན་ཡོད་པ་དང་། ཁོ་ཨེ་ཊ་ལེ་དང་སྦེལ་ཇེམ་གཉིས་ནང་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་མཐོ་རིམ་ཚོགས་འདུའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་འདུག་ལ། དེ་ནི་ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་རྗེས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་རྒྱལ་དོན་སྐོར་སྐྱོད་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

ཊི་རུམ་ཕིས་ཁོ་རང་གི་ཊི་ཝེ་ཊི་བརྒྱུད་ལམ་ཐོག “ངའི་ཕྱི་སྐྱོད་ལས་དོན་མགོ་བཙུགས་ཟིན། ངས་ཨ་རིའི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ཡིན་ལ། དེ་ངས་བསྒྲུབ་ན་འདོད་པའི་བྱ་གཞག་ཡིན” ཞེས་བརྗོད་འདུག

སྲིད་འཛིན་ཊི་རུམ་ཕིས་སྔ་རྗེས་སུ་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཁོ་མེ་དང་། རྒྱལ་སྲུང་ལྷན་ཁང་གི་སློབ་སྟོན་པ་ཧྥི་ལེན་གཉིས་གནས་དབྱུང་བཏང་བ་དང་། གནས་ཚུལ་དེ་ན་ནིང་ཨ་རིའི་འོས་བསྡུའི་སྐབས་ཨུ་རུ་སུས་སྲིད་འཛིན་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་ཆེད། ཨ་རིའི་འོས་བསྡུ་ལ་ཐེ་གཏོགས་བྱས་པའི་རྩོད་གླེང་དང་འབྲེལ་བ་ཡོད་སྟབས། གནད་དོན་དེས་སྲིད་འཛིན་ཊི་རུམ་ཕི་དཀྱིལ་ཤར་ཡུལ་གྲུ་ཁག་ནང་རྒྱལ་དོན་སྐོར་སྐྱོད་བྱེད་བཞིན་པར་ཤུགས་རྐྱེན་ཐེབས་སྲིད་པ་ཞིག་ཆགས་ཡོད།

ཊི་རུམ་ཕིའི་རྒྱལ་དོན་གཟིགས་སྐོར་གྱི་དམིགས་འབེན་གཙོ་བོ་སོ་དྷི་ཨ་རབ་དང་ཨ་རི་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་། ཨེ་ཛི་རལ་དང་པཱ་ལི་སི་ཐན་གཉིས་བར་གྱི་རྩོད་རྙོག་ཞི་འཇགས་བཟོ་ཐབས་བཅས་ཡིན་འདུག ཊི་རུམ་ཕིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་རྒྱལ་དོན་སྐོར་སྐྱོད་བྱེད་ཀྱིན་པའི་སྐབས་འདིར། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས། ཊི་རུམ་ཕིས་གོ་ལའི་ཚ་དྲོད་ལས་གཞི་དང་། ཨ་རིས་ཨུ་རུ་སུའི་ཐོག་འཛིན་པའི་སྲིད་ཇུས་བཅས་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་ཨ་རིའི་གཞུང་དང་ཨུ་རུ་སུའི་གཞུང་གཉིས་བར་གྱི་འབྲེལ་ལམ་དེས་ཡུ་རོབ་མཐུན་ཚོགས་ལ་དངངས་འཚུབ་ཆེན་པོ་བཟོས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༢༠

Leave a Reply