ཨ་རིའི་སྤྱི་མཐུན་ཚོགས་པར་ངོ་རྒོལ་དྲག་སྤྱོད་སྤེལ།

ཨ་རིའི་སྤྱི་མཐུན་ཚོགས་པར་ངོ་རྒོལ་བྱེད་མཁན་ཞིག་གིས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིར་མེ་མདའ་བརྒྱབ་སྟེ་རྨས་ཕོག་ཡོད་པ་དང་། ཁོས་ངོ་དེབ་སྟེང་སྲིད་འཛིན་ཊི་རུམ་ཕི་རྒྱལ་འཚོང་བ་ཞིག་ཡིན་པ་དང་། ཁོས་ཨ་རིའི་དམངས་གཙོར་གཏོར་བརླག་གཏོང་གི་ཡོད་ཚུལ་བྲིས་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཞོགས་པར་ཨ་རིའི་རྒྱལ་ཡོངས་སྤྱི་གླིང་དུ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མས་དབྱུག་རྩལ་སྤོ་ལོ་ (baseball) སྦྱོང་བརྡར་བྱེད་བཞིན་ཡོད་པའི་སྐབས་ལ། གླུ་བུར་དུ་ལག་ཏུ་མེ་མདའ་ཐོགས་པའི་ཨ་རི་བ་ཞིག་གིས་སྤྱི་མཐུན་ཚོགས་པའི་འཐུས་མི་སི་ཁ་ལེ་སི་ (Joseph Scalise) ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་བཟོས་རྗེས། མི་དེས་རང་ཉིད་ལ་མེ་མདའ་བརྒྱབ་སྟེ་རང་ཤི་བརྒྱབ་ཡོད་འདུག

དོན་རྐྱེན་དེ་ནི་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཁོའི་ཚོང་ལས་སྒྲིག་འཛུགས་ (Trump & Co) ལ་གཏོར་རྒོལ་བཏང་བ་ཞིག་ཡིན་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ནང་སྤྱི་མཐུན་ཚོགས་པའི་ལས་དོན་ལ་ཨ་རིའི་མི་སེར་ཞིག་གིས་དྲག་རྒོལ་བྱས་པ་ཐེངས་དང་པོ་ཆགས་ཡོད་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། མེ་མདའ་རྒྱག་མཁན་དེའི་མིང་ལ་ཧོ་ཌི་ཁེན་སོན་ (T. Hodgkinson) ཟེར་བ་དང་། ད་ལྟ་རང་ལོ་ ༦༦ ཡིན་ཞིང་། ཁོ་རང་ ( སྤྱི་མཐུན་ཚོགས་པ་མགོ་རྟིང་སློག Terminate the Republican Party) ཅེས་པའི་ཚོགས་པའི་ཚོགས་མི་ཡིན་པ་དང་། ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཞབས་བྷིར་ནེ་སན་ཌིར་ (Bernie Sanders) ལགས་ལ་རྒྱབ་སྐྱོར་བྱས་ཏེ་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང་། ཁོས་ཨ་རིའི་ལྷོ་རྒྱུད་ཨེ་ལེ་ནོ་སི་ (Illinois) མངའ་སྡེའི་ནང་ཚོང་ལས་གཉེར་བཞིན་ཡོད་ཀྱང་འདི་ལོའི་ཕྱི་ཟླ་ ༣ པ་ནས་ཨ་ལེ་ཁི་སན་ཌི་རེ་ཡ་ (Alexandria) ས་ཁུལ་དུ་བསྡད་ཡོད་འདུག

དོན་རྐྱེན་དེ་བྱུང་ནས་ཆུ་ཚོད་ཁ་ཤས་རྗེས། མི་གསོད་དོན་རྐྱེན་དེ་ལོ་རྒྱུས་རིང་བཞིན་གྱི་ཚབ་ཆེན་གང་ཡང་མིན་པར། དེ་ནི་སྤྱི་མཐུན་ཚོགས་པར་མི་དགའ་མཁན་མི་རེ་ཟུང་གིས་དྲག་སྤྱོད་སྤེལ་བ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་འདུག མེ་མདའ་རྒྱག་མཁན་དེས་ཁོ་རང་གི་ངོ་དེབ་སྟེང་། “ཊི་རུམ་ཕི་རྒྱལ་འཚོང་བ་ཞིག་རེད། ཊི་རུམ་ཕིས་ང་ཚོའི་དམངས་གཙོར་གཏོར་བརླག་བཏང་བ་རེད། ད་ལྟ་ཊི་རུམ་ཕི་དང་ཁོའི་སྒྲིག་འཛུགས་ (Trump & Co) ལ་གཏོར་རྒོལ་བྱེད་པའི་དུས་ལ་བབ་ཡོད།” ཅེས་སོགས་བྲིས་ཡོད་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། ༢༠༡༠ ནས་ ༢༠༡༢ བར་མེ་མདའ་རྒྱག་མཁན་དེས་ས་གནས་ཚགས་པར་ (Belleville News-Democrat)ཞེས་པའི་ཐོག་གྲོས་ཚོགས་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་ཡོད་པ་དང་། ཁོའི་སྐྱོན་བརྗོད་གཙོ་བོ་ནི་ཨ་རིའི་མི་མང་གི་ཁེ་ལས་ཡོང་འབབ་འདྲ་མཉམ་མིན་པའི་སྐོར་ཡིན་འདུག

༢༠༡༠ ལོའི་ཟླ་ ༣ ཚེས་ ༡༤ ཉིན་མེ་མདའ་རྒྱག་མཁན་དེས་ས་གནས་ཚགས་པར་སྟེང་། “ང་རང་འབྱོར་ལྡན་པ་ཚོར་ཕྲག་དོག་སྐྱེས་པ་མིན་མོད། འབྱོར་ལྡན་པ་ཚོས་ཆབ་སྲིད་པ་ཚོ་ཉོས་ཏེ། ང་ཚོའི་རྩ་ཁྲིམས་དམ་དུ་བཏང་སྟེ། ཁོ་རང་ཚོའི་ཁེ་ཕན་སྒྲུབ་བཞིན་ཡོད་པ་ངས་ཐེར་འདོན་བྱེད་ཀྱི་ཡོད” ཅེས་དང་། ༢༠༡༡ ལོའི་ཟླ་ ༣ ཚེས་ ༤ ཉིན་ཁོས་ “གྲོས་ཚོགས་ཀྱིས་དཔྱ་ཁྲལ་བཅའ་ཁྲིམས་ལ་འགྱུར་བ་བཏང་སྟེ། འབྱོར་འབྲང་གྲལ་རིམ་གྱི་དཔྱ་ཁྲལ་ཁུར་བོ་ཇེ་ཡང་དུ་གཏོང་དགོས” ཞེས་སོགས་བྲིས་ཡོད་འདུག ༡༩༩༠ ལོ་ནས་ཉེས་དོན་འདྲ་མིན་འོག་ཐེངས་འདིར་མེ་མདའ་རྒྱ་མཁན་ཁོ་ཐེངས་ཁ་ཤས་ལ་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་འདུག

གཞན། སི་ཨིན་ཨིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཕྱི་དྲོར་སྲིད་འཛིན་ཊི་རུམ་ཕི་ཝ་ཤིན་ཊོན་དབུས་སྨན་ཁང་དུ་ཕྱིན་ཏེ་སྐུ་ཞབས་སི་ཁ་ལེ་སི་ (Joseph Scalise) ལ་འཚམ་འདྲི་ཞུས་པ་དང་། སྐབས་དེར་སྲིད་འཛིན་ཊི་རུམ་ཕིས། “འཐུས་མི་སི་ཁ་ལེ་སི་ལགས་ནི་གྲོགས་པོ་ཡག་པོ་ཞིག་ཡིན། ཁོ་ནི་རྒྱལ་ཞེན་ཅན་ཞིག་ཡིན། ཁོ་འཐབ་རྩོད་པ་ཞིག་ཡིན། ཁོ་ཐེངས་འདིའི་རྨས་སྐྱོན་ལས་མྱུར་དུ་དྲག་སྐྱེད་ཡོང་གི་རེད། སྐུ་ཞབས་སི་ཁ་ལེ་སི་ལགས། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ། ཁྱེད་ལ་གསོལ་འདེབས་ཞུ་མཁན་གྲོང་ཁྱེར་འདི་གཅིག་པུ་མིན་པར། ཨ་རིའི་རྒྱལ་ཁབ་གཙོས་པའི་འཛམ་གླིང་གིས་ཁྱེད་ལ་གསོལ་འདེབས་ཞུ་གི་རེད། ཨ་རིས་ཁྱེད་ལ་གསོལ་འདེབས་བྱེད་ཀྱི་ཡོད། ཨ་རིས་ཐེངས་འདིའི་མེ་མདའི་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་མཁན་ཁྱེད་ཚོ་ཚང་མར་གསོལ་འདེབས་ཞུ་བཞིན་ཡོད།” ཅེས་བརྗོད་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རན་ཌ་ཕུལ་ (Rand Paul) ལགས་ཀྱིས། “གལ་ཏེ་ཉེན་རྟོག་པའི་སྲུང་སྐྱོབ་མེད་ཚེ། ཐེངས་འདིར་གྲོས་ཚོགས་འཐུས་མི་ཚོར་དམར་གསོད་ཆེན་པོ་ཞིག་ཐེབས་ཡོད་ངེས་རེད། སྐུ་ཞབས་སི་ཁ་ལེ་སི་ལ་རྨས་སྐྱོན་བཟོས་མ་ཐག་ཉེན་རྟོག་པ་བསླེབས་ཏེ། མེ་མདའ་རྒྱག་མཁན་དང་ཉེན་རྟོག་པའི་བར་མེ་མདའ་ཐེངས་ ༥༠ ཙམ་རྒྱག་རེས་བྱས་པ་དང་། སྐབས་དེར་ཉེན་རྟོག་པ་གཉིས་ལ་རྨས་སྐྱོན་ཕོག་སོང་” ཞེས་བརྗོད་ཡོད་སྐོར་བཀོད་འདུག

ཐེངས་འདིའི་མེ་མདའི་དོན་རྐྱེན་ཁྲོད། སྐུ་ཞབས་སི་ཁ་ལེ་སི་ལགས་ལ་མེ་མདའ་བརྒྱབ་པ་དེ་ནི། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ནང་ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་གྷེ་ཧྥོར་ཌི་ (Gabby Giffords) ལགས་ལ་མེ་མདའ་བརྒྱབ་པའི་རྗེས་ཀྱི་ཨ་རིའི་གྲོས་ཚོགས་འཐུས་མིར་མེ་མདའ་བརྒྱབ་པ་དང་པོ་དེ་ཆགས་ཡོད་པ་དང་། ལྕམ་གྷེ་ཧྥོར་ཌི་ལགས་ལ་མེ་མདའ་རྒྱག་མཁན་དེའི་མིང་ལ་ལུ་གྷ་ནིར་ (Lee Loughner) ཟེར་བ་དང་། སྐབས་དེར་མི་གསོད་ལག་དམར་དེས་མེ་མདའ་བརྒྱབ་སྟེ་ལྕམ་གྷེ་ཧྥོར་ཌི་ལགས་དང་གཞན་མི་ ༡༢ ལ་རྨས་སྐྱོན་བཟོས་པ་དང་། གཞན་མི་ ༦ དམར་གསོད་བཏང་ཡོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༡༥

Leave a Reply