སྲིད་འཛིན་ཟུར་པར་ཁྲིམས་བཤེར་བྱས།

ལྷོ་ཀོ་རི་ཡའི་དབུས་ཞིབ་བཤེར་ཁང་གིས་སྲིད་འཛིན་ཟུར་པ་ལྕམ་ཕར་ཅིན་ཧའེ་ལགས་ལ་དོགས་འདྲི་ཁག་ ༡༠༠ ལྷག་གྲ་སྒྲིག་བྱས་ཏེ་འདྲི་བརྩད་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་ལྷོ་ཀོ་རི་ཡའི་དབུས་ཞིབ་བཤེར་ཁང་གིས་སྲིད་འཛིན་ཟུར་པ་ལྕམ་ཕར་ཅིན་ཧའེ་(Park Geun-hye)ལགས་ཞིབ་བཤེར་ཁང་དུ་འབོད་འགུག་གིས་འདྲི་བརྩད་བྱས་ཡོད་པ་དང་། སྐབས་དེར་མོས་ལྷོ་ཀོ་རི་ཡའི་མི་མང་ལ་དགོངས་སེལ་ཞུས་པ་མ་ཟད། དྲང་བདེན་གྱི་ཐོག་ནས་ཞིབ་བཤེར་ལ་གཞོགས་འདེགས་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་དང་། མོ་སྲིད་འཛིན་ནས་གནས་དབྱུང་བཏང་རྗེས་ཀྱི་ཞིབ་བཤེར་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡའི་དབུས་ཞིབ་བཤེར་ཁང་ནས་ལྕམ་ཕར་ཅིན་ཧེ་ལགས་ལ་ལྐོག་རྔན་བླངས་བ་དང་དབང་ཆ་བེད་ལོག གསང་བ་ཕྱིར་གྱར་སོགས་ཀྱི་ནག་ཉེས་མི་འདྲ་བ་ ༡༣ ཙམ་བགྲངས་ཡོད་ལ། དོགས་དྲི་ཁག་ ༡༠༠ ལྷག་གྲ་སྒྲིག་བྱས་ཡོད་པའི་ནང་ནས་ཐེངས་འདིར་སམ་སང་ཚོང་གཉེར་ཁང་(Samsung Electronics Limited)ནས་ལྐོག་རྔན་བླངས་ཡོད་མེད་ དང་། བུད་མེད་ཁེ་ལས་བ་ཆོ་སུན་སིལ་(Choi Soon-sil)གྱི་སྟངས་འཛིན་འོག་ཡོད་པའི་ཁེ་ལས་ཚོགས་པར་མ་དངུལ་འདོན་དུ་བཅུག་ཡོད་མེད། དེ་བཞིན་དབུས་གཞུང་གི་གསང་བའི་ཡིག་ཆ་སོགས་ཕྱིར་གྱར་བའི་སྐོར་ལ་འདྲི་བརྩད་བྱས་ཡོད་པ་དང་། ཞིབ་བཤེར་ཁང་ནས་ལྕམ་ཕར་ཅིན་ཧེ་ལགས་ཀྱིས་དྲི་ཞིབ་ཀྱི་ནང་དོན་སྒྲ་རུ་ཕབ་རྒྱུ་དང་ལེན་བྱས་མེད་སྐོར་བརྗོད་ཡོད་པ་རེད།

ལྕམ་ཕར་ཅིན་ཧེ་ལགས་དང་ངན་འབྲེལ་གྱིས་རྒྱལ་ཁབ་ཀྱི་ཁེ་ལས་ལ་དོ་ཕོག་ཆེན་པོ་བཏང་སྟེ་སྒེར་གྱི་ཁེ་སྦོགས་བླངས་བའིདོགས་གཞིའི་འོག བུད་མེད་ཁེ་ལས་བ་ཆོ་སུན་སིལ་འཛིན་བཟུང་བྱས་ཡོད་པ་དང་། ཆོ་ཡི་བུ་མོ་ཆོང་ཡུས་རཱ་(Chung Yoo-ra)ཡང་ཌན་མག་ནས་ཁྲིམས་འགལ་གནས་སྡོད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད། དེ་བཞིན་ལྕམ་ཕར་ཅིན་ཧེ་ཡི་རུལ་སུངས་དང་འབྲེལ་བ་ཡོད་པའི་ལྐོག་ཟ་དོགས་གཞིའི་འོག་སམ་སང་ཚོང་གཉེར་ཁང་གི་འགན་འཛིན་གཞོན་པ་ཇེ་ཝ་ལི་(Jay Y. Lee)ཡང་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ལྷོ་ཀོ་རི་ཡའི་ཆེས་མཐོའི་ཁྲིམས་ཁང་ནས་ལྕམ་ཕར་ཅིན་ཧའེ་སྲིད་འཛིན་ལས་གནས་དབྱུང་བཏང་བ་ཡོངས་བསྒྲགས་གནང་སྟེ། སྲིད་བློན་ཧོ་ཨང་ཁའེ་ཨན་(Hwang Kyo-ahn)ལགས་སྲིད་འཛིན་ལས་ཚབ་ཏུ་བསྐོས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༩ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་འོས་འདེམས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༢༢

Leave a Reply