སློབ་གྲྭ་ཆེན་མོ་ཞིག་དང་རྒྱལ་ཁབ་ཅིག་གི་སྲིད་གཞུང་བར་གྱི་འཐབ་རྩོད།

གུ་ཡངས་དམངས་གཙོ་དང་གུ་དོག་དམངས་གཙོ་གཉིས་ཀྱི་སོ་མཚམས་སུ་འགྲེང་པའི་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་(Central European University)ཞེས་པ་དེ་ ༢༠༡༧ ལོའི་ཟླ་ ༤ པའི་ཚེས་ ༤ ཉིན། ཧང་གྷ་རི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ལྟར་ཡུ་རོབ་ཤར་གྱི་རྒྱལ་ས་བྷོ་ངྷ་ཕེ་སི་གྲོང་ཁྱེར་ནས་རྒྱང་འཕུད་གཏོང་རྒྱུ་ཐག་གཅོད་བྱས། འོན་ཀྱང་། སློབ་གྲྭ་དེའི་དབུ་འཛིན་མའེ་ཁིལ་ཨེ་གི་ན་ཏེཧྥུ་ལགས་ཀྱིས་སློབ་གྲྭ་ཆེན་མོ་འདི་ནམ་ཡང་སྒོ་མི་རྒྱག་ཅེས་ཐ་ཚིག་བསྒྲགས་ཡོད།

རྒྱལ་ཁབ་ཅིག་གི་སྲིད་གཞུང་དང་སློབ་གྲྭ་ཆེན་མོ་གཉིས་བར་གྱི་འཐབ་རྩོད་འདིའི་མཐའ་མའི་རྒྱལ་ཁ་སུ་ལ་འཐོབ་མིན་ད་དུང་ཐག་ཆོད་མེད། སློབ་གྲྭ་ཆེན་མོ་འདི་ཨ་རིའི་ནེའུ་ཡོག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཞིག་ཡིན་སྟབས། སློབ་གྲྭའི་དབུ་འཛིན་གཟའ་འཁོར་འདིའི་ནང་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཕྱིན་ཏེ། སློབ་གྲྭའི་འཛིན་སྐྱོང་འགན་འཛིན་ལྷན་ཚོགས་དང་མཉམ་དུ་ཨ་རིའི་ཆབ་སྲིད་དབུ་ཁྲིད་ཚོར་སློབ་གྲྭའི་གནས་ཚུལ་ཞུ་གཏུགས་བྱེད་བཞིན་ཡོད།

ད་ལྟའི་སློབ་གྲྭའི་དབུ་འཛིན་ཁོང་ནི་དེ་སྔོན་ཨ་རིའི་ཧ་ཝར་ཌི་(Harvard)གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་རིག་པའི་སློབ་དཔོན་ཡིན་པ་དང་། ད་ལྟའི་ཁེ་ན་ཌའི་སྲིད་བློན་གྱི་གུ་ཡངས་ཆབ་སྲིད་ཚོགས་པ་(Canadian Liberal Party president)ཞེས་པའི་དབུ་འཛིན་ཡང་ཡིན་པ་མ་ཟད། ༢༠༡༡ ལོར་ཁེ་ན་ཌའི་སྲིད་བློན་འོས་མིར་ཡང་བསླེབས་མྱོང་ཡོད།

སློབ་གྲྭའི་འགན་འཛིན་ལྷན་ཚོགས་དེའི་ཁྱབ་ཁོངས་སུ་དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་(Oxford University)གྱི་དབུ་འཛིན་དང་། ཨ་རིའི་ནེའུ་ཡོག་སྤྱི་ཁྱབ་བློན་ཆེན་ཟུར་བ་དང་། སི་ཀྲེན་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་(Standford University)འགན་འཛིན་ཟུར་བ། ཨ་རིའི་བྷར་ཌི་མཐོ་སློབ་ཀྱི་(Bard College)དབུ་འཛིན། ཀོལ་ལིམ་པི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་(Columbia University)འགན་འཛིན་གཞོན་པ་ཟུར་བ། ཁེ་ལེ་ཧྥོར་ནེ་ཡ་བྷིར་ཁི་ལེ་(University of California at Berkeley)གཙུག་ལག་སློབ་གྲྭ་ཆེན་མོའི་འགན་འཛིན་སོགས་ཡོད།

ཧང་གྷ་རི་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་འོག་གི་རྒྱལ་ཁབ་ཅིག་ཡིན་སྟབས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ཁག་ལ་སྲུང་བརྩི་བྱེད་བཞིན་ཡོད་སྟབས། གཟའ་འཁོར་རྗེས་མའི་ནང་སློབ་གྲྭའི་དབུ་འཛིན་མཆོག་ཨ་རི་ནས་ཐོན་ཏེ། བྷི་ར་སིལ་དང་འཇར་མན་སོགས་སུ་བསྐྱོད་དེ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་ཡང་ཞུ་གཏུག་བྱེད་འཆར་ཡོད་པ་རེད།ས྄

སློབ་གྲྭ་ཆེན་མོ་འདི་ཧང་གྷ་རི་རྒྱལ་ཁབ་ཀྱི་ཤེས་ཡོན་འཛིན་སྐྱོང་ཁྱབ་ཁོངས་སུའང་དེབ་སྐྱེལ་བྱས་ཡོད་སྟབས། གྲོས་ཚོགས་ཀྱིས་བཟོས་པའི་ཁྲིམས་དེ་སྲིད་འཛིན་གྱི་མདུན་སར་མ་འབྱོར་གོང་དུ། སློབ་གྲྭའི་ངོས་ནས་ཧང་གྷ་རི་སྲིད་འཛིན་ལ་ཞུ་གཏུགས་བྱས་ཏེ། ཤེས་ཡོན་གྱི་རང་དབང་འགོག་པའི་ཁྲིམས་ལུགས་གསར་བ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁྲིམས་ཁང་གི་མདུན་ཅོག་སྟེང་བསྐྱལ་དུ་བཅུག་སྟེ། ཁྲིམས་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་མེད་ཁྲིམས་གཏུག་ཀྱང་བྱེད་འཆར་ཡོད་པ་རེད།

དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོར་འཕྲད་བཞིན་པའི་དཀའ་ངལ་དེ་སློབ་གྲྭ་ཞིག་དང་སྲིད་གཞུང་གཉིས་བར་གྱི་དཀའ་ངལ་ཙམ་མ་ཡིན་པར། ད་ལྟའི་འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་འཕོ་འགྱུར་དང་ཐད་ཀར་འབྲེལ་བ་ཡོད། ཨུ་རུ་སུའི་སྲིད་འཛིན་ལ་པུ་ཊིན་(Putin)ནི་ཧང་གྷ་རིའི་སྲིད་བློན་ཝེ་ཁི་ཁྲོར་ཨོར་བྷིན་(Viktor Orban)གྱི་རྒྱབ་ལོགས་ཀྱི་འཕུད་རྒྱག་གཏོང་མཁན་དེ་ཡིན་ལ། འཛམ་གླིང་གི་དམངས་གཙོའི་ཚོད་ལྟ་ཁང་ཞེས་འབོད་པའི་སློབ་གྲྭ་ཆེན་མོ་འདིའི་ཤེས་ཡོན་བྱེད་སྒོ་དག་གིས་ཁོ་གཉིས་ཀྱི་གུ་དོག་དམངས་གཙོའི་ལམ་ལུགས་ལ་རྟག་ཏུ་སུན་འབྱིན་བྱེད་ཀྱི་ཡོད་སྟབས། སློབ་གྲྭ་ཆེན་མོ་འདི་རྩ་མེད་གཏོང་རྒྱུ་ནི་ཁོང་ཚོའི་རྩ་བའི་དམིགས་ཡུལ་ཡིན། དེར་བརྟེན། ཧང་གྷ་རི་སྲིད་བློན་དང་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་བར་གྱི་འཐབ་རྩོད་འདི། མདོར་དེད་ན། ནུབ་གླིང་གི་གུ་ཡངས་དམངས་གཙོ་དང་ཨུ་རུ་སུ་དང་ཧང་གྷ་རི་གཙོ་བྱས་པའི་ཤར་ཡུ་རོབ་གླིང་དུ་ཁྱབ་བརྡལ་ཤུགས་ཆེ་རུ་འགྲོ་བཞིན་པའི་གུ་དོག་དམངས་གཙོའི་ལམ་ལུགས་གཉིས་བར་གྱི་ལྟ་གྲུབ་ཀྱི་འཐབ་རྩོད་ཅིག་ཡིན།

ཨ་རིའི་གཞུང་ངོས་ནས་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་(NATO)ཁྱབ་ཁོངས་ཀྱི་ཡུ་རོབ་རྒྱལ་ཁབ་ཅིག་གི་ནང་བཙུགས་ཡོད་པའི་ཨ་རིའི་སློབ་གྲྭ་ཆེན་མོ་དེ་སྲུང་སྐྱོབ་བྱེད་ཐུབ་མིན་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་(European Union)ངོས་ནས་སོ་སོའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཅིག་ལ་སྟངས་འཛིན་བྱས་ཏེ། གུ་ཡངས་ཀྱི་རིན་ཐང་ཁག་དམ་སྲུང་བྱེད་ཐུབ་མིན་དེ་ཁྱབ་ཆུང་ས་ནས་ཡུ་རོབ་ཁུལ་དང་། ཁྱབ་ཆེ་ས་ནས་འཛམ་གླིང་ཧྲིལ་པོའི་ནང་གུ་ཡངས་དམངས་གཙོ་གནས་ཐུབ་མིན་གྱི་གནད་དོན་དང་འབྲེལ་བ་ཆགས་ཡོད།

སློབ་གྲྭ་ཆེན་མོ་འདི་ཉིན་གཅིག་གི་དུས་ཚོད་ཉེར་བཞིའི་རིང་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཁག་ནང་གི་ཤེས་ཡོན་རང་དབང་གི་ཚབ་མཚོན་ལྟ་བུ་ཆགས་ཡོད་ལ། ཤེས་ཡོན་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ནི་དམངས་གཙོའི་འགན་འཁྲི་ལྟ་བུ་ཡིན་སྟབས། འཛམ་གླིང་གང་ས་ནས་ཧང་གྷ་རི་སྲིད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ལ། ད་ཆ་དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གི་ཤེས་ཡོན་བསྟི་གནས་ཆེ་ཁག་གི་དབུ་ཁྲིད་དང་སློབ་མ། ཤེས་ཡོན་གྱི་ཚོགས་སྡེ་ཆེ་ཁག ནོ་བྷེལ་གཟེངས་རྟགས་བཞེས་མཁན། ཆབ་སྲིད་པ་སོགས་རྒྱལ་ཁབ་ ༡༣༤ ནས་བྱུང་ཡོད། སློབ་གྲྭ་ཆེན་མོ་འདི་དང་ཧང་གྷ་རི་སྲིད་གཞུང་བར་གྱི་འཐབ་རྩོད་འདི་མཇུག་སྒྲིལ་མེད་སྟབས། བརྩེ་བའི་ཀློག་པ་པོ་ཚོས་ཐུགས་སྣང་ཆེན་པོས་གཤམ་གྱི་ཞུ་གཏུག་ཡི་གེ་འདི་ལ་མཚན་རྟགས་བསྐྱོན་རྒྱུ་མ་བརྗེད་པ་གནང་རོགས།

གཅན་སྣང་བ་ཚེ་རིང་བཀྲ་ཤིས། ༢༠༡༧།༤།༧

མཚན་རྟགས་འགོད་ཡུལ་གྱི་དྲ་བའི་འབྲེལ་ཐག

སློབ་གྲྭ་འདིའི་སྐོར་གྱི་གནས་ཚུལ་ཅུང་ཙམ་ཤེས་འདོད་ན་འབྲེལ་ཐག་འདིར་གཟིགས་རོགས།

བསྐྱར་བཅོས།: ༢༠༡༧/༠༤/༡༡

Leave a Reply

One thought on “སློབ་གྲྭ་ཆེན་མོ་ཞིག་དང་རྒྱལ་ཁབ་ཅིག་གི་སྲིད་གཞུང་བར་གྱི་འཐབ་རྩོད།

  1. འཛམ་གླིང་འདི་ནི་རང་གི་རང་དབང་དང་ཐོབ་ཐང་དངུལ་དང་དབང་ཆའི་ཆེད་དུ་བརྗེས་བའི་དུས་ཡིན། བྱས་ཙང་ངོ་མ་གནད་འགག་ལ་ཁེལ་དུས་རང་དབང་གི་འབྲུག་སྒྲ་ལྟར་གྲགས་ས་ནའང་རང་དབང་མེད།