སློབ་མ་ལ་གཏམ་བཤད་ཀྱི་གོ་སྐབས་སྤྲོད་དགོས།

རྒན་ཡེ་ཤེས་ཚེ་རིང་།

ཁོ་བོས་ནམ་རྒྱུན་སློབ་མ་རྣམས་ལ་སྔ་དགོང་འདུ་འཛོམས་ཀྱི་སྐབས་དང་། ཡང་ན་དགོས་ངེས་ཀྱི་དུས་ཚོད་ནམ་བྱུང་ལ་སློབ་མ་སོ་སོ་རང་ཉིད་ཀྱིས་གང་མཐོང་བ་དང་གང་ཐོས་པ། ཡང་ན་བརྗོད་གཞི་འདྲ་མིན་ལ་དམིགས་བསལ་གྱི་ལྟ་ཚུལ་གང་ཡོད་པ་ལྷུག་པོར་བཤད་བཅུག་ན། དེ་ཡང་སྦྱོང་བརྡར་ཆེན་པོ་ཞིག་རེད་བསམ་གྱི་ཡོད། འོན་ཀྱང་སློབ་མ་ཚོར་གོ་སྐབས་འདི་རིགས་དངོས་སུ་ཕུལ་ན། སློབ་མ་མང་པོ་ཞིག་གིས་དེ་ནི་རང་ཉིད་ལ་སྦྱོང་བརྡར་གྱི་གོ་སྐབས་ཤིག་ཡིན་པར་ངོས་འཛིན་མི་བྱེད་པར། དེ་ལས་ལྡོག་སྟེ་ཁྲལ་ལྟ་བུ་ཞིག་ཏུ་བརྩིས་ཏེ་དེབ་ཅིག་འཁྱེར་ཡོང་ནས་དེའི་ནང་གི་ཚིག་བཅད་ལྷུག་གང་རུང་བཀླགས་ནས་འགྲོ་བ་དང་། ཡང་ཁག་ཅིག་གིས་ཚིག་བཅད་དེ་རིགས་ཚར་གཅིག་སྐྱོར་ཏེ། དེ་ལ་འགྲེལ་བཤད་འདྲ་བརྒྱབ་ནས་འགྲོ་བ་སོགས་གནང་གི་འདུག དོན་ངོ་མ་སློབ་མ་རྣམས་ལ་གཏམ་བཤད་ཀྱི་གོ་སྐབས་སྤྲོད་པའི་དགོས་དམིགས་ཐད་ནས་བཤད་ན། དེ་ཙམ་ཞིག་གིས་ག་ལ་འགྲིག

ང་ཚོའི་རེ་བར་གོ་སྐབས་འདི་བརྒྱུད་དེ། སློབ་མའི་དགོངས་འཆར་སྤྱི་དང་ལྷག་པར་དུ་སློབ་གྲྭ་ཁག་ནང་གི་དགེ་རྒན་དང་ལས་བྱེད་རྣམ་པས་མཁྱེན་རྟོགས་མ་ཐུབ་པའི་གནས་ཚུལ་དག་ལ་སློབ་མ་ཚོར་མཐོང་ཚུལ་དང་དགོངས་འཆར་ཇི་ཡོད་ཉན་འདོད་དང་ཤེས་འདོད་ཡོད་པ་དེ་རེད། ད་དུང་སློབ་ཕྲུག་རང་ཉིད་ཀྱི་ལུས་སྟེང་དུ་ཡོད་པའི་སྐྱོན་ཆ་ཁག་གཅིག་ཀྱང་སོ་སོས་གཏམ་བཤད་བྱེད་པའི་ཞོར་དུ་རང་སྐྱོན་རང་གིས་ངོས་འཛིན་བྱེད་ཐུབ་པའི་དགེ་མཚན་ཡང་ཡོད།

དེ་འདྲའི་གཏམ་བཤད་བྱེད་སྐབས་སློབ་མ་འགའ་རེས་འདི་ལྟར་དྲན་སྲིད་དེ། མི་མང་ས་ནས་གཏམ་བཤད་བྱས་ན་ཞེད་སྣང་དང་དངངས་སྐྲག་སྐྱེས་ཏེ་སྐད་ཆའི་མགོ་རྔ་འཁྲུག་པ་དང་བཟོ་ལྟ་བརླགས་པ་སོགས་ཡོང་སྲིད་སྟབས། དེ་ལས་གཏམ་བཤད་མ་བྱས་ན་བཟང་གི་རེད་དྲན་ཏེ། སྐད་ཆ་གང་ཡང་མི་བཤད་པར་ཁུ་སིམ་སིམ་སྡོད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་གདམ་གསེས་དེས་ཁྱོད་ཚོ་ངོ་ཚ་མི་དགོས་པ་ཞིག་ཡོང་རྒྱུ་ཕར་ཞོག ད་དུང་དེ་ལས་ལྡོག་སྟེ་དུས་ནམ་ཡང་ངོ་ཚའི་གནས་ལས་མགོ་མགྱོགས་མི་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་ཤེས་དགོས།

མི་སུ་འདྲ་ཞིག་ཡིན་ཡང་མི་མང་ས་ཞིག་ཏུ་གློ་བུར་དུ་སྐད་ཆ་བཤད་དགོས་ན་སེམས་ལ་མཚེར་སྣང་ཡོང་བ་ནི་ཆོས་ཉིད་དང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། ཡིན་ནའང་ཨུ་ཚུགས་བརྒྱབ་ནས་མི་མང་འདུ་འཛོམས་ཆེ་ས་དག་ཏུ་སྐད་ཆ་བཤད་རྒྱུར་འབད་བརྩོན་བྱས་ན། ནམ་ཞིག་ཞེད་སྣང་མཚེར་སྣང་གང་ཡང་མེད་པ་ཆགས་ཏེ། ད་དུང་གཏམ་བཤད་མ་བྱས་གོང་གི་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆའི་བརྗོད་བྱ་དང་། གོ་རིམ་སོགས་མ་འཁྲུགས་མ་ནོར་བར་ཧ་ཅང་སྤུས་དག་ཡོང་གི་རེད།

གང་ལྟར། ཁྱེད་ཅག་གི་མི་ཚེ་ནི་ཕ་མ་དང་དགེ་རྒན། སློབ་གྲྭ་བཅས་ཁོ་ནར་བསྟེན་ཏེ་མཐའ་འཁྱོལ་ཡོང་བ་ཞིག་མིན་པར། སོ་སོའི་འཚོ་བར་སོ་སོས་འགན་འཁུར་ཏེ་ཕེབས་དགོས་པ་ནི་གཡོལ་ཐབས་མེད་པའི་མི་ཚེའི་འགན་འཁྲི་ཡིན། མ་འོངས་པར་རིམ་པས་སྤྱི་ཚོགས་ནང་བསླེབ་སྐབས། ཐོག་མར་མི་དང་མིའི་བར་འབྲེལ་བ་བྱེད་པ་དང་། འཚོ་གནས་ཀྱི་ཆེད་དུ་ལས་ཀ་གང་ཞིག་བྱེད་དགོས་ཀྱང་། ཨང་དང་པོ་སྐད་ཆ་ནས་མགོ་འཛུགས་བྱེད་དགོས་ཀྱི་ཡོད་སྟབས། གཏམ་བཤད་ཀྱི་སྦྱོང་བརྡར་དེ་རིགས་ནི་སོ་སོ་སློབ་ཕྲུག་ཡིན་སྐབས་སློབ་གྲྭའི་ནང་ནས་གནང་ཐུབ་ན་ཡག་པོ་ཡོད།

མཇུག་ཏུ་ཞུ་རྒྱུར། ཁྱེད་ཚོ་ནི་ལོ་ན་གཞོན་ཞིང་བློ་རིག་གསལ་བ་དང་། སློབ་སྦྱོང་ལ་བརྩོན་ཞིང་མི་རིགས་ལ་དུང་ཞེན་ཆེ་བའི་ལོ་ཆུང་སློབ་མ་ཤ་སྟག་ཡིན་སྟབས། ཁྱོད་ཚོས་རང་མི་རིགས་ཀྱི་ཕ་སྐད་གཙང་མའི་ཐོག་ནས་སྐད་ཆ་བཤད་ཤེས་པ་དང་ཉན་ཤེས་པ་བྱེད་དགོས་པ་ནི་དེ་ལས་ཀྱང་གལ་འགངས་ཆེ་བའི་ལས་འགན་ཞིག་ཆགས་ཡོད། དེ་ཙམ་དུ་མ་ཟད་གཏམ་བཤད་སྐབས་སུ་དོ་བདག་རང་ཉིད་ཀྱི་མི་གཤིས་དང་ཕུགས་བསམ། སློབ་སྦྱོང་གི་ཆུ་ཚད་སོགས་ཀྱང་མི་ཀུན་གྱི་མཐོང་སར་མངོན་ཡོང་གི་ཡོད་སྟབས། གཏམ་བཤད་ཀྱི་སྦྱོང་བརྡར་མང་ཙམ་དང་དོ་ཁུར་ཆེ་ཙམ་གནང་ཐུབ་པའི་རེ་བ་སྙིང་ཁོང་རུས་པའི་གཏིང་ནས་ཞུའོ།།

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ཉིན། པ་ཀུལ་བོད་ཁྱིམ་སློབ་མ་རྣམས་ཀྱི་སྔ་དྲོའི་འདུ་འཛོམས་སྟེང་གི་གཏམ་བཤད།

བསྐྱར་བཅོས།: ༢༠༡༧/༠༦/༠༨

Leave a Reply

2 thoughts on “སློབ་མ་ལ་གཏམ་བཤད་ཀྱི་གོ་སྐབས་སྤྲོད་དགོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    four basic foudation of education.
    ཤེས་ཡོན་གྱི་སྨངས་གཞི་བཞི་།
    1 listening power.ཉན་རྒྱུའི་ནུས་རྩལ་།
    2 speaking power.བཤོད་རྒྱུའི་ནུས་རྩལ་།
    3 reading power. ཀློག་རྒྱུའི་ནུས་རྩལ་།
    4 writing power.འབྲི་རྒྱུའི་ནུས་རྩལ་།

  2. བཀའ་དྲིན་ཆེ།

    དེང་གི་དུས་སུ་དྲང་པོ་བྱེད་པ་ཙམ་གྱིས་མི་ཆོག་ཅིང་། དྲང་པོ་ཡིན་པ་དེ་ཁུངས་སྐྱེལ་བྱེད་དགོས་པའི་དུས་རེད། དེ་བཞིན་ཤེས་ཡོན་ལ་མཚོན་ནའང་མཐོ་སློབ་ཀྱི་ངོས་ལེན་ཡོད་པས་མི་ཆོག་ཅིང་། སྤྱི་ཚོགས་ཀྱི་ངོས་ལེན་ཡང་ངེས་པར་དུ་དགོས་པ་ཡིན། དེ་ཡི་ཆེད་དུ་ད་ལྟ་རྒན་གྱིས་གསུངས་པའི་གཏམ་བཤད་དེ་རིགས་ཤིན་ཏུ་གལ་ཆེན་དུ་གྱུར་ཡོད། དེ་མིན་ཤིང་བཟང་པགས་པའི་འོག་ཏུ་རུལ་ཉེན་ཆེ། ན་གས།