ཧོང་ཀོང་གི་དམངས་གཙོ་གོང་སྤེལ་རྒྱ་ནག་གི་མགོ་ཁྲིད་ཚོའི་ཁ་ནས་ག་ལེར་བོར།

རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཧོང་ཀོང་གི་སྤྱི་ཁྱབ་གསར་བ་ལྕམ་ཀེར་ལཱམ་གཉིས་པེ་ཅིན་ཏུ་ཆེས་ཐོག་མའི་ཐུག་འཕྲད་བྱས་ཡོད།

ཞི་ཅིན་ཕིན་གྱིས། ཧོང་ཀོང་སྤྱི་ཁྱབ་གསར་བར་ཧོང་ཀོང་སྤྱི་ཚོགས་ལྷིང་འཇགས་དང་གྲོང་ཁྱེར་དེའི་ཁ་གཏད་ཟིང་ཆ་ཞི་འཇགས་གཏོང་དགོས་པའི་འོས་འགན་ཡོད་པ་དང་། རྒྱ་ནག་དབུས་གཞུང་གིས་ལས་དོན་དེའི་ཆེད་མཐུན་འགྱུར་ག་རེ་དགོས་ཀྱང་ཞུ་ངེས་ཡིན་སྐོར་བརྗོད་ཡོད། དེ་ནི་ཞི་ཅིན་ཕིན་གྱིས་ཧོང་ཀོང་སྤྱི་ཁྱབ་གསར་བར་བསྔགས་བརྗོད་ཀྱི་ཞོར་དུ་ཧོང་ཀོང་བརྟན་བརླིང་བཟོ་དགོས་པ་དང་། ལས་དོན་དེའི་ཐད་རྒྱ་ནག་གཞུང་གིས་ཁོ་མོར་རོགས་འདེགས་ག་རེ་དགོས་ཀྱང་བྱེད་རྒྱུ་ཡིན་ཚུལ་བཤད་དེ། ཧོང་ཀོང་ནང་གི་རྙོག་ཟིང་རིགས་གཙང་མ་བཟོ་དགོས་པའི་སྐུལ་མ་བྱས་ཡོད།

ལྕམ་ཀེར་ལཱམ་གྱིས་གསར་འགོད་པ་ཚོར། ཧོང་ཀོང་མི་མང་གིས་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་ལྟར། ཐེངས་འདིར་གནད་དོན་དེ་པེ་ཅིན་གཞུང་ལ་ཞུས་ཡོད་ཚུལ་བརྗོད་ཡོད་ཀྱང་། མོས་བསྐྱར་ཏུ་ནན་བཤད་ཀྱིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་བའི་རྩ་ཁྲིམས་ལ་འགྱུར་བ་མེད་པ་མ་ཟད། དེ་ནི་ཧོང་ཀོང་གི་མ་འོངས་པའི་བཅའ་ཁྲིམས་ཀྱི་རྨང་གཞི་ཡིན་སྐོར་ཡང་བཤད་འདུག

སྲིད་འཛིན་ཞི་ཅིན་ཕིན་གྱིས། “འདས་བའི་ལོ་ངོ་ ༢༠ རིང་ཧོང་ཀོང་ནང་བཟང་ངན་གཉིས་ཀྱི་འགྱུར་བ་མང་པོ་ཕྱིན་ཡོད། དམིགས་བསལ་གྱིས་ཉེ་ཆར་གྱི་ལོ་འགའི་ནང་ཧོང་ཀོང་ནང་མཇུག་རྫོགས་རྒྱུ་མེད་པའི་ཟིང་ཆ་མང་དུ་འགྲོ་བཞིན་པ་ང་རང་གིས་མཐོང་བྱུང་”ཞེས་དང་། “ཁྱེད་རང་ཧོང་ཀོང་གི་སྤྱི་ཁྱབ་གསར་བ་ཞིག་ཡིན་པའི་ཆ་ནས་འགན་འཁུར་ཆེན་པོ་ཡོད། འོན་ཀྱང་མཚམས་ལན་རེར་དཀའ་ངལ་དང་ཉེན་ཁའི་དུས་སྐབས་དེ་འདྲར་འཕྲད་སྲིད་ཀྱང་། གོ་སྐབས་དང་རེ་བ་མང་པོ་ཞིག་གིས་ང་ཚོར་སྒུག་ཡོད་པ་བརྗེད་མི་ཉན་”ཞེས་བརྗོད་ཡོད།

སྲིད་འཛིན་ཞི་ཡིས། ལྕམ་ཀེར་ལཱམ་གྱིས་ཧོང་ཀོང་སྤྱི་ཁྱབ་འོས་བསྡུའི་ཁྲོད་འོས་བསྡུ་ལྷན་ཚོགས་ཀྱི་འོས་འཕེན་མཁན་ཚོགས་མི་ ༡༡༩༤ ལས་འོས་གྲངས་ ༧༧༧ ཐོབ་ཏེ་རྒྱལ་ཁ་ལངས་བ་ནི་ཁོ་མོར་ཐོབ་འོས་བའི་རྒྱལ་ཁ་ཞིག་ཡིན་སྐོར་བརྗོད་ཡོད། ད་དུང་སྲིད་འཛིན་ཞི་ཡིས་ “ཁྱེད་རང་རྒྱལ་ཁབ་འདི་དང་ཧོང་ཀོང་མི་མང་ལ་དགའ་པོ་ཡོད། རྒྱུ་མཚན་ནི། ཁྱེད་ཀྱིས་ལས་འགན་འདི་ཕྲག་ཏུ་ལེན་པར་མོས་མཐུན་བྱས་ཡོད། ངས་ཁྱེད་ལ་རྙོག་འཛིང་ཅན་གྱི་གནས་སྟངས་སོགས་ལ་གདོང་ལེན་བྱེད་པའི་ནུས་བ་ལྡན་པ་ཤེས་ཀྱི་ཡོད་ལ། ཧོང་ཀོང་མི་མང་གིས་ཀྱང་ཁྱེད་ལ་ཆེ་མཐོང་ཡག་པོ་འདུག” ཅེས་བརྗོད་ཡོད།

ལྕམ་ཀེར་ལཱམ་ལགས་ཀྱིས་ཟླ་སྔོན་མའི་ནང་སྐུ་ཞབས་ཇཱོན་ཚཱང་འོས་ཕམ་པར་བཏང་སྟེ། ཐེངས་འདིར་པེ་ཅན་དུ་འབྱོར་སྐབས་གཞི་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཧོང་ཀོང་སྐོར་གླེང་ཡོད་པ་རེད། ༢༠༡༢ ལོར་རྒྱ་ནག་གི་གཙོ་འཛིན་ཟུར་བ་ཧུའུ་ཅིན་ཐའོ་ཡིས་ཧོང་ཀོང་སྤྱི་ཁྱབ་ལཱིན་ཊེན་ལ། སྤྱི་ཚོགས་མཐུན་སྒྲིལ་དང་དཔལ་འབྱོར་ཡར་རྒྱས། དམངས་གཙོ་གོང་འཕེལ་དང་འཆམ་མཐུན་འཛུགས་སྐྲུན་སོགས་ཀྱི་ཐོག་ནས་ཧོང་ཀོང་སྲུང་སྐྱོབ་དང་སྲ་བརྟན་གཏོང་དགོས་ཞེས་བརྗོད་ཡོད་པ་རེད། འོན་ཀྱང་། ཁ་སང་གི་ཐུག་འཕྲད་སྐབས་ཞི་ཅིན་ཕིན་གྱི་ཁ་ནས་དམངས་གཙོ་གོང་སྤེལ་ཞེས་བའི་ཚིག་དེ་བོར་བརླག་ཕྱིན་ཡོད་པ་མ་ཟད། སྲིད་བློན་ལི་ཁེ་ཆང་གིས་ཀྱང་དཔལ་འབྱོར་ཡར་རྒྱས་ཀྱིས་ཧོང་ཀོང་མདུན་ལམ་གསར་བ་ཞིག་གི་ཐོག་འཁྲིད་དགོས་ཅེས་བརྗོད་ཡོད་པ་ལས་གཞན་གང་ཡང་བཤད་མེད། ཁོ་གཉིས་ཀྱི་བྱེད་སྟངས་འདི་རྒྱ་ནག་གི་མགོ་ཁྲིད་ཟུར་བ་དག་ལས་ལྡོག་ཡོད། དེ་སྔ་སྲིད་བློན་ཟུར་བ་ཝུན་ཅ་པའོ་ཡིས་ཀྱང་དམངས་གཙོ་གོང་འཕེལ་གཏོང་དགོས་ཞེས་ཧོང་ཀོང་སྤྱི་ཁྱབ་སྔོན་མ་གཉིས་ལ་སྐུལ་སློང་བྱས་ཡོད།

ཧོང་ཀོང་དང་རྒྱ་ནག་གི་མགོ་ཁྲིད་གཉིས་ཐེངས་འདིར་ཀྲོང་ནཱན་ཧེ་ཚོགས་ཁང་ (Zhongnanhai) དུ་ཐུག་འཕྲད་བྱས་པ་དེར། ཧོང་ཀོང་དང་རྒྱ་ནག་གི་མི་མང་པོ་ཞིག་གིས་མིག་རིག་རིག་དང་ཨམ་ཅོག་གྲུང་གྲུང་གིས་ཉན་ཡོད། ཟླ་སྔོན་མའི་ཧོང་ཀོང་གྲོས་ཚོགས་ནང་གི་གླེང་གཞི་ཆེ་ཤོས་“ཆ་མི་ཚང་བའི་དམངས་གཙོ་”ཞེས་བ་དེ་ཐེངས་འདིར་ལྕམ་ཀེར་ལཱམ་གྱིས་སྲིད་འཛིན་ཞི་ཅིན་ཕིན་ལ་གླེང་ཡོད་ཚུལ་བརྗོད་ཡོད། དེ་ནི་འཛམ་གླིང་སྤྱིའི་འོས་བསྡུའི་ལམ་སྲོལ་ལྟར་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་དགོས་ཞེས་དམངས་གཙོའི་ཐོབ་ཐང་རྩོད་ལེན་བྱེད་བཞིན་ཡོད། ༢༠༡༤ ལོར་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་སྟེང་གཏན་འབེབས་བྱས་པའི་མ་འོངས་པའི་ཧོང་ཀོང་སྤྱི་ཁྱབ་དེ་ཧོང་ཀོང་མི་མང་གི་འཐུས་ཚབ་མི་གྲངས་ ༡༢༠༠ ལས་གྲུབ་པའི་འོས་བསྡུ་ལྷན་ཚོགས་ཤིག་གིས་འོས་འདེམས་བྱེད་དགོས་པའི་བཅའ་ཁྲིམས་དེ་ལ་བཅོས་སྒྱུར་གཏོང་དགོས་ཟེར་གྱི་ཡོད།

ལྕམ་ཀེར་ལཱམ་གྱིས། ཧོང་ཀོང་མི་མང་རང་དབང་གི་འཚོ་བ་དང་དམངས་གཙོའི་ལམ་སྲོལ་ལ་འདོད་མོས་ཧ་ཅང་ཆེན་པོ་ཡོད་ཅེས་ཐེངས་འདིར་ཞི་ཅིན་ཕིན་ལ་བརྗོད་ཡོད་ཚུལ་བཤད་ཀྱང་། དེའི་ལན་དུ་སྲིད་འཛིན་ཞི་ཕིན་གྱིས་ག་རེ་བཤད་ཡོད་མེད་གསལ་བཤད་བྱས་མེད། ཧོང་ཀོང་གྲོང་སྡེ་ཚོགས་པའི་ཚོགས་གཙོ་ཨལ་ཝན་ཡང་ (Alvin Yeung Ngok-kiu) ལགས་ཀྱིས་བརྗོད་དོན། ལྕམ་ཀེར་ལཱམ་གྱིས་ཧོང་ཀོང་མི་མང་གི་བློ་འཚབ་ལ་སེམས་གསོ་ཙམ་བྱས་པ་མ་གཏོགས། དོན་དངོས་ཐོག་ཞི་ཅིན་ཕིན་གྱིས་ཁོ་མོར་ག་རེ་བཤད་ཡོད་མེད་ཀྱི་ཟུར་ཙམ་ཡང་མང་ཚོགས་ལ་གླེང་ཐུབ་མེད་ཅེས་བརྗོད་ཡོད།

ཡང་ཧོང་ཀོང་རྒྱ་ནག་གཙུག་ལག་སློབ་གཉེར་ཁང་གི་ཆབ་སྲིད་ཚན་རིག་པ་སྐུ་ཞབས་ཚའེ་ཀྲི་ཆཱིང་(Ivan Choy Chi-Keung) ལགས་ཀྱིས། ལྕམ་ཀེར་ལཱམ་གྱིས་ཞི་ཅིན་ཕིན་གྱི་སྐད་ཆ་ཕྱི་ལ་བཤད་ཕོད་པ་མ་རེད། རྒྱུ་མཚན་ཐེངས་འདིར་ཞི་ཡི་བཤད་པའི་སྐད་ཆ་དག་ཧོང་ཀོང་མི་མང་གི་འདོད་བློ་དང་མཐུན་གྱི་ཅེས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༤/༡༢

Leave a Reply

One thought on “ཧོང་ཀོང་གི་དམངས་གཙོ་གོང་སྤེལ་རྒྱ་ནག་གི་མགོ་ཁྲིད་ཚོའི་ཁ་ནས་ག་ལེར་བོར།