ཧོང་ཀོང་སྤྱི་ཁྱབ་གསར་པ་ལྕམ་ཁཱ་རེ་ལཱམ།

དེ་རིང་ཧོང་ཀོང་སྤྱི་ཁྱབ་འོས་བསྡུའི་ཁྲོད་ལྕམ་ཁཱ་རེ་ལཱམ་ (Carrie Lam)ལགས་སུ་འོས་གྲངས་ ༧༧༧ ཐོབ་སྟེ་སྐབས་བཞི་པའི་ཧོང་ཀོང་སྤྱི་ཁྱབ་ཏུ་བདམས་ཐོན་བྱུང་ཡོད་པ་རེད།

ཐེངས་འདིར་འོས་མི་གསུམ་ཡོད་པ་ལས་ཁཱ་རེ་ལཱམ་ལགས་སུ་འོས་གྲངས་ ༧༧༧ དང་། སྐུ་ཞབས་ཇཱོན་ཚཱང་ (John Tsang) ལགས་སུ་འོས་གྲངས་ ༣༦༥ ། སྐུ་ཞབས་བོའོ་ཁོའོ་ཧིན་ (Woo Kwok-hing )ལགས་སུ་འོས་གྲངས་ ༢༡ བཅས་ཐོབ་ཡོད་འདུག

ཧོང་ཀོང་སྤྱི་ཁྱབ་འོས་བསྡུ་དེར་ཀོང་ཧོང་མི་མང་ཡོངས་ལ་འོས་ལྡུག་པའི་ཐོབ་ཐང་ཡོད་པ་ཞིག་མིན་པར། བཟོ་གྲྭ་དང་ཆབ་སྲིད་ཚོགས་སྡེ། ཆོས་ལུགས་སོགས་ལས་རིགས་འདྲ་མིན་གྱི་སྐུ་ཚབ་ ༡༡༩༤ ལས་གྲུབ་པའི་འོས་བསྡུ་ལྷན་ཚོགས་ཤིག་གིས་འདེམ་གྱི་ཡོད།

འདས་པའི་ཟླ་ངོ་མང་པོའི་རིང་ཧོང་ཀོང་སྤྱི་ཁྱབ་འོས་བསྡུའི་ལས་རིམ་དང་འབྲེལ་ཏེ། ཧོང་ཀོང་གི་ཆབ་སྲིད་དང་སྤྱི་ཚོགས་ལ་གཡོ་ཁྱོམ་ཆེན་པོ་བྱུང་ཡོད། དེ་ནི་ཧོང་ཀོང་ཐོག་གི་རྒྱ་ནག་གཞུང་གི་ཐེ་ཇུས་ལ་ངོ་རྒོལ་བྱེད་མཁན་ཕྱོགས་གཅིག་དང་། རྒྱ་ནག་གཞུང་ལ་བསྟུན་མཁས་བྱེད་མཁན་ཕྱོགས་གཅིག་བཅས་ཤོག་ཁག་གཉིས་སུ་གྱེས་ཡོད།

གསར་དུ་བདམས་ཐོན་བྱུང་བའི་ཧོང་ཀོང་སྤྱི་ཁྱབ་ལྕམ་ཁཱ་རེ་ལཱམ་ལགས་ནི། ད་ལྟ་རང་ལོ་ ༥༩ ཡིན་པ་དང་ལྟ་བ་རྙིང་ཞེན་རིང་ལུགས་པ། པཱེ་ཅིན་གཞུང་གི་མཐུན་ཕྱོགས་སུ་ངོས་འཛིན་བྱེད་ཅིང་། ཁོང་མོ་དེ་སྔ་ཧོང་ཀོང་དབྱིན་ཇུའི་འོག་ཡོད་སྐབས་ནས་སྤྱི་ཚོགས་ཞབས་ཞུའི་ལས་ཀར་ཞུགས་ཡོད་པ་དང་། ༢༠༠༧ ལོར་སྐབས་དེའི་ཧོང་ཀོང་སྤྱི་ཁྱབ་ཊོ་ནལ་ཌི་ཚཱང་ (Donald Tsang)ལགས་ཀྱི་དྲུང་ཡིག་གནང་ཡོད་པ་མ་ཟད། ད་ལྟའི་སྤྱི་ཁྱབ་ལཱིང་ཁྲིན་ཡེན་(Leung Chun-ying)གྱི་སྤྱི་ཁྱབ་དྲུང་ཡིག་གནང་ཡོད།

དེ་རིང་འོས་བསྡུའི་གྲུབ་འབྲས་ཕྱི་ལོགས་སུ་ཐོན་མ་ཐག ཧོང་ཀོང་གྲོང་ཁྱེར་གྱི་ས་ཚིགས་མང་པོར་ངོ་རྒོལ་གྱི་རྣམ་འགྱུར་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། དེར་སྲིད་གཞུང་གི་ངོས་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

ཉེ་ཆར་ཧོང་ཀོང་སྤྱི་ཁྱབ་འོས་བསྡུ་བསླེབ་ལ་ཉེ་བ་དང་བསྟུན་ཏེ། སི་ཨན་ཨན་གསར་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། གཟའ་ཉི་མའི་ཉིན། ལྕམ་ཁཱ་རེ་ལཱམ་ལགས་སུ་འོས་བསྡུའི་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། ཧོང་ཀོང་སྤྱི་ཁྱབ་འོས་མི་ཚོས་འགྲན་བསྡུར་དང་མི་མང་མདུན་བགྲོ་གླེང་། ད་དུང་སྲང་ལམ་ཡོངས་སུ་ཁྱབ་བསྒྲགས་ཀྱི་གད་སྙིགས་སྤུང་བཞིན་ཡོད་ཀྱང་། ཧོང་ཀོང་གི་མི་མང་མང་ཆེ་བར་འོས་བསྡུའི་ཐོབ་ཐང་མེད། དེ་ནི་ད་ལོའི་ཧོང་ཀོང་སྤྱི་ཁྱབ་འོས་འདེམ་ལྷན་ཚོགས་ལ་ཚོགས་མི་ ༡༡༩༤ ཡོད་པ་དང་། ཧོང་ཀོང་སྤྱི་ཁྱབ་འོས་འདེམ་བྱེད་མཁན་ཁོ་ཚོ་ཡིན། ལྷན་ཚོགས་དེས་ཧོང་ཀོང་མི་འབོར་གྱི་བརྒྱ་ཆ་ ༠་༠༡ ལས་ཟིན་མེད། ལྷན་ཚོགས་དེ་ཚོགས་སྡེ་འདྲ་མིན་གྱི་འཐུས་མི་ལས་གྲུབ་ཡོད་ཅིང་། ཁོ་ཚོས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་མ་འོངས་པ་ཐག་གཅོད་བྱེད་ཀྱིན་ཡོད།

འོས་བསྡུ་ལྷན་ཚོགས་དེ་པེ་ཅིན་མཐུན་ཕྱོགས་ཀྱིས་དབང་བསྒྱུར་བྱས་ཡོད་སྟབས། དམངས་གཙོ་མཐུན་ཕྱོགས་ཀྱིས་ ༢༠༡༤  ལོར་ཉི་གདུགས་གསར་བརྗེའི་ལས་འགུལ་སྤེལ་ཏེ། འོས་བསྡུ་ལྷན་ཚོགས་དེའི་ངོ་བོར་བཅོས་བསྒྱུར་གཏོང་དགོས་པ་དང་། ཧོང་ཀོང་མི་མང་ལ་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་སྤྲོད་དགོས་པའི་སྐད་འབོད་བརྒྱབ་ཡོད།

ཉི་གདུགས་ལས་འགུལ་སྣེ་འཁྲིད་མཁན་སློབ་མ་ཅོ་ཧྲི་ཝང་(Joshua wong) ལགས་ཀྱིས་ད་ལྟ་ང་ཚོས་ཧོང་ཀོང་སྤྱི་ཁྱབ་གསར་བའི་འོས་བསྡུ་ལ་ངོ་རྒོལ་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡོད། སུ་ཞིག་ཧོང་ཀོང་སྤྱི་ཁྱབ་གསར་བ་ཆགས་ན་མི་དེས་ཉི་གདུགས་གསར་བརྗེའི་ལས་འགུལ་ལ་གདོང་ལེན་བྱེད་དགོས་ཆགས་ངེས་ཡིན་ཞེས་བརྗོད་འདུག

འབྱུང་འགྱུར་ཕྱི་ཟླ་ ༧ པའི་ཕྱི་ཚེས་  ༡ ཉིན་ནི། ཧོང་ཀོང་དབྱིན་ཇུ་གཞུང་གིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོ་དང་། ཧོང་ཀོང་སྤྱི་ཁྱབ་གསར་བས་ལས་འགན་འཁུར་བའི་ཉིན་མོ་དུས་མཉམ་འཁེལ་ཡོད་སྟབས། ད་ལྟ་ནས་ཧོང་ཀོང་གྲོང་ཁྱེར་ནང་ཉེན་རྟོག་པ་མང་པོ་འགྲེམ་འཇོག་བྱས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཛད་སྒོ་དེར་ཕེབས་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། སྐབས་དེར་བཱོན་དང་རོགས་པ་མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་ཆེན་པོ་ཞིག་སྤེལ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག ཅེས་སོགས་བཀོད་འདུག

 

བསྐྱར་བཅོས།: ༢༠༡༧/༠༣/༢༦

Leave a Reply