ཧོང་ཀོང་གིས་སྡུག་རུས་ཅན་གྱི་སྤྱི་ཁྱབ་ཅིག་འདེམ་རྒྱུར་སྟ་གོན་བྱས་འདུག

ཧོང་ཀོང་སྤྱི་ཁྱབ་ཅིག་འདེམ་ལ་ཉེ་བའི་སྐབས་འདིར་ཁྱེད་ཀྱིས་ཧོང་ཀཱོང་གྲོང་ཁྱེར་གྱི་དཀའ་ཚེགས་ཅན་གྱི་ལས་ཀ་དེ་བྱེད་འདོད་ཡོད་དམ། ཁྱེད་རང་ཧོང་ཀོང་གི་དཀའ་སྡུག་དེ་འཛུམ་མདངས་ཀྱིས་བསུ་མཁན་ཞིག་ཡིན་ནམ། ཁྱེད་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཚོས་བཟོས་པའི་ན་གཞོན་དམངས་གཙོ་འཐབ་རྩོད་པ་དེ་དག་གི་དཀའ་ངལ་སེལ་ཐུབ་བམ། ཁྱེད་ཀྱིས་མ་འོངས་པའི་ཐག་གཅོད་མང་པོ་ཞིག་གི་གླེང་ཕྱོགས་འཁུར་ཐུབ་བམ།

སེ་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཧོང་ཀོང་གཞུང་གིས་མ་འོངས་པའི་སྤྱི་ཁྱབ་འགན་འཛིན་གྱི་འོས་མིའི་མིང་ཐོ་བསྡུ་མགོ་བརྩམས་ཡོད་པ་དང་། བསླེབ་ལ་ཉེ་བའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ལ་ཧོང་ཀོང་མི་མང་གིས་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་འོས་འདེམས་བྱ་རྒྱུ་ཡིན་འདུག

ཧོང་ཀོང་གི་གྲོང་ཁྱེར་སྤྱི་ཁྱབ་འདེམ་སྟངས་ནི། ཧོང་ཀོང་གི་བཅའ་ཁྲིམས་དགོངས་དོན་ལྟར། ཧོང་ཀོང་གི་འཐུས་མིའི་ལྷན་ཚོགས་དང་རྒྱ་ནག་པེ་ཅིན་གཞུང་གི་ལམ་སྟོན་འོག་འོས་བསྡུ་བྱེད་ཀྱིན་ཡོད་པ་དང་། འཐུས་མི་ལྷན་ཚོགས་སམ་འོས་བསྡུ་ལྷན་ཚོགས་དེ་ནི། ཧོང་ཀོང་གི་བཟོ་གྲྭའི་སྡེ་ཚན་དང་ངལ་རྩོལ་སྡེ་ཚན། ཆོས་ལུགས་ཚོགས་སྡེ། ཧོང་ཀོང་དང་རྒྱ་ནག་མཉམ་འབྲེལ་ཆབ་སྲིད་ཚོགས་པ་བཅས་ཀྱི་སྐུ་ཚབ་འཐུས་མི་ལས་གྲུབ་པའི་འོས་བསྡུ་ལྷན་ཚོགས་ཤིག་ཡིན།

འོས་བསྡུ་ལྷན་ཚོགས་དེར་ཁྱོན་ཚོགས་མི་ ༡༢༠༠ ཡོད་པ་དང་། ལྷན་ཚོགས་དེས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་འོས་འདེམ་བྱེད་ཀྱི་ཡོད་པ་མ་ཟད། ཧོང་ཀོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་གྱི་ཡོད་པ་དང་། ཧོང་ཀོང་མི་མང་ས་ཡ་ ༧།༨ ཀྱི་ལས་དབང་ཐག་གཅོད་བྱེད་བཞིན་ཡོད། དེར་མ་ཟད་ཧོང་ཀོང་ནི་ཕྱི་ལོགས་ནས་ཡོང་བའི་མི་འབོར་ས་ཡ་ཕྱེད་ཀ་ཙམ་གྱི་སྣེ་ཚང་ཡང་ཆགས་ཡོད་པ་རེད།

ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་གཞིར་ཚུད་པར་ཉུང་མཐར་འོས་བསྡུ་ལྷན་ཚོགས་ཀྱི་འཐུས་མི་ ༡༥༠ ཡི་རྒྱབ་སྐྱོར་འཐོབ་དགོས་པ་དང་། ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུའི་སྐབས་འོས་གྲངས་ ༦༠༠ ལས་བརྒལ་བ་ཡིན་ན་འོས་བསྡུའི་རྒྱལ་ཁ་འཐོབ་པ་ཡིན། གལ་སྲིད་དེ་ལྟར་མ་བྱུང་ཚེ་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་འོས་གྲངས་མཐོ་ཤོས་གཉིས་ལ་བསྐྱར་དུ་འོས་བླུགས་ཏེ། མཐར་འོས་མི་སུ་ཞིག་ལ་འོས་གྲངས་ ༦༠༠ ལས་བརྒལ་ན་ཁོ་ལ་ཧོང་ཀོང་སྤྱི་ཁྱབ་འགན་འཛིན་གྱི་གོ་གནས་འཐོབ་པ་ཡིན།

ད་ལྟའི་ཧོང་ཀོ་སྤྱི་ཁྱབ་འགན་འཛིན་ལཱིན་ཊེན་(Leung Chun-ying)ལགས་ཀྱིས་ཁོ་རང་བསྐྱར་དུ་འོས་མིར་ལངས་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཁོང་གིས་འབྱུང་འགྱུར་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པ་དང་སྤྱི་ཁྱབ་གསར་བས་དེའི་ཉིན་རྗེས་མ་ནས་ལས་འཁུར་ཞུ་རྒྱུ་ཡིན་འདུག སྐུ་ཞབས་ལཱིན་ཊེན་ནི་རྒྱ་ནག་དམར་ཤོག་གཞུང་ལ་མཐུན་འགྱུར་ཞུ་མཁན་ཞིག་དང་མཐོ་རིམ་སློབ་ཕྲུག་གཙོས་པའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་རབས་དང་རིམ་པ་བྱས་སྟབས་མང་ཚོགས་ཀྱིས་ཁོ་བས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་མང་པོ་བཏོན་ཡོད་པ་རེད།

སི་ཨན་ཨན་གསར་འགྱུར་ནང་། སྤྱིར་གཞུང་ཞིག་གི་ལས་འགན་འཁུར་རྒྱུ་ནི་ལས་སླ་བོ་ཞིག་ག་ནས་ཡིན། ལྷག་པར་དུ་ཧོང་ཀོང་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁུར་དངོས་གནས་དེ་པེ་ཅིན་ (Beijng)གྱིས་ཐག་གཅོད་བྱེད་ཀྱིན་ཡོད་སྟབས། འགན་འཁུར་འདི་དང་ལེན་བྱ་རྒྱུ་ནི་དེ་ལས་ཀྱང་དཀའ་ལས་ཁག་པོ་ཡིན་ནའང་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་མིར་ལངས་མཁན་ཚོས་དཀའ་ངལ་འདི་དག་སྣང་མེད་ལྟ་བུར་མུ་མཐུད་ནས་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་མིར་ལང་གི་ཡོད་པ་རེད་ཅེས་འཁོད་འདུག

ཧོང་ཀོང་སྤྱི་ཁྱབ་ཀྱི་གོ་གནས་ནི་ཧོང་ཀོང་མི་མང་གི་གཞི་རྩའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཡང་། རྒྱ་ནག་གཞུང་གིས་(རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས)ཞེས་བའི་སྲིད་བྱུས་འོག ཉེ་བའི་ལོ་འགའི་རིང་ཧོང་ཀོང་ལ་སྟངས་འཛིན་ཤུགས་ཆེ་རུ་བཏང་སྟེ་དེ་སྔའི་རང་དབང་ཆུང་ཆུང་དེའང་ད་ཆ་ཧ་ཅང་གུ་དོག་གི་གནས་སུ་བསྐྱལ་ཡོད་པ་མ་ཟད། ད་ཆར་ཧོང་ཀོང་ནང་ཟིང་ཆའི་ཁེངས་ཡོད་འདུག

དེ་ཡང་ ༢༠༡༥ ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དཔེ་ཚོང་བ་མི་ལྔ་ལ་མ་ཉེས་ཁ་གཡོག་གིས་འཛིན་བཟུང་བྱས་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༡༡ པའི་ནང་དམངས་གཙོ་དང་རང་དབང་འཐབ་རྩོད་པ་ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་གཉིས་ལ། ཧོང་ཀོང་གི་བཅའ་ཁྲིམས་ནང་སྔར་ལག་བསྟར་བྱས་མྱོང་མེད་པའི་དབང་ཆ་བཀོལ་ཏེ་ཁོ་གཉིས་གྲོས་ཚོགས་ལས་ཕྱིར་ཕུད་བཏང་ཡོད། དོན་རྐྱེན་འདི་དག་གིས་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་བའི་སྲིད་བྱུས་ཀྱི་རང་དབང་ནི་རྫུན་མ་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་སེ་ཨིན་ཨིན་གྱི་གནས་ཚུལ་ནང་བཀོད་འདུག

ཐེངས་འདིར་ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་མིར་ལང་མཁན་ ༥ བྱུང་ཡོད་པ་དང་། ཁོ་ཚོས་རྒྱ་ནག་གཞུང་གི་སྟངས་འཛིན་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་མ་ལྟོས་བར་འོས་བསྡུའི་ཁྱབ་བསྒྲགས་དང་། སྤྱི་ཚོགས་དྲ་རྒྱ་དང་ས་གནས་ཚགས་ཤོག་སོགས་ཀྱི་སྟེང་དུ་ཕན་ཚུན་ལ་ཟུར་ཟ་དང་འོས་བསྡུའི་ཁྱབ་བསྒྲགས་ཐོག་ཤུགས་རྒྱག་གི་ཡོད་འདུག

ཧོང་ཀོང་སྤྱི་ཁྱབ་ཀྱི་འོས་མིར་བཞེངས་མཁན་ལྔ་ནི།

མིང་། ཀེར་ལཱམ་ (Carrie Lam)
རང་ལོ། ༥༩ །
ལྟ་བ། རྙིང་ཞེན་རིང་ལུགས།
ལངས་ཕྱོགས། པཱེ་ཅིན་གྱི་མཐུན་ཕྱོགས།

སྐུ་ལྕམ་ཀེར་ལཱམ་ལགས་ནི། ཧོང་ཀོང་དེ་སྔ་དབྱིན་གཞུང་གིས་འཛིན་སྐྱོང་བྱས་སྐབས་ ༡༩༨༠ ལོ་ནས་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀའི་འོག་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་མྱོང་བ་དང་། ༢༠༠༧ ལོར་ཧོང་ཀོང་སྤྱི་ཁྱབ་ཊོ་ནལ་ཊི་ཚཱང་ (Donald Tsang)ལགས་ཀྱི་དྲུང་ཡིག་ཏུ་བསྐོ་བཞག་བྱས་ཡོད། ད་ལྟའི་ཧོང་ཀོང་སྤྱི་ཁྱབ་ལས་ཐོག་པ་ལཱེན་ཊེན་གྱི་སྤྱི་ཁྱབ་དྲུང་ཡིག་གི་ལས་ཀ་བྱེད་མུས་ཡིན་འདུག

ལེགས་ཆ། ལྕམ་ཀེར་ལཱམ་ནི་ཧོང་ཀོང་ནང་གི་ཆབ་སྲིད་མི་སྣ་བདམས་ཐོན་ཁྲོད་ཀྱི་ཆབ་སྲིད་པ་ཨང་གཉིས་བ་ཡིན་པ་དང་། མོ་ལ་པེ་ཅིན་གྱི་མཐུན་ཕྱོགས་མང་པོ་ཞིག་གིས་རྒྱབ་སྐྱོར་ཡོད་སྟབས། ལཱེན་ཊེན་གྱི་རྗེས་འཇུག་བྱས་ན་མོ་ལ་སྔོན་འགྲོའི་སྐབས་ཀྱི་འོས་གྲངས་ ༡༥༠ ནི་ལས་སླ་བོར་འཐོབ་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།

ཞན་ཆ། ཀེར་ལཱམ་ནི་ད་ལྟའི་སྤྱི་ཁྱབ་ལཱེན་ཊེན་གྱི་སྡུག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པའི་མི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མོ་རང་གི་སྤྱི་ཁྱབ་དྲུང་ཡིག་གི་ལས་གཞི་མཐའ་མར་གྲོས་ཚོགས་ལ་གོ་བསྡུར་མ་བྱས་པར་རང་འདོད་ཀྱིས་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་འགྲེམ་སྟོན་ཁང་ཞིག་འཛུགས་རྒྱུར་ཆོག་མཆན་སྤྲད་ཡོད་ཅིང་། ལས་གཞི་དེ་ལ་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་འདུག

མིང་། ཇཱོན་ཚཱང(John Tsang )
ཪང་ལོ། ༦༥ །
ལྟ་བ། རྙིང་ཞེན་རིང་ལུགས།
ལངས་ཕྱོགས། པཱེ་ཅིན་གྱི་མཐུན་ཕྱོགས།

སྐུ་ཞབས་ཇཱོན་ཚཱང་ལགས་ནི་དེ་སྔོན་ཧོང་ཀོང་དབྱིན་ཡུལ་གཞུང་ཡོག་ཡོད་སྐབས་ཀྱི་མགོ་ཁྲིད་ཁི་རེ་སུ་(Chris Patten)ལགས་ཀྱི་སྒེར་དྲུང་ཡིན་པ་དང་། ཕྱིས་སུ་ ༢༠༠༧ ལོར་ཧོང་ཀོང་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་རྗེས་དཔལ་འབྱོར་དྲུང་ཡིག་ཏུ་བསྐོ་བཞག་བྱས་ཏེ། ཁོང་ནི་ད་བར་ཧོང་ཀོང་ནང་གི་དཔལ་འབྱོར་དྲུང་ཡིག་འདུག་ཡུན་རིང་ཤོས་དེ་ཆགས་ཡོད།

ལེགས་ཆ། ཁོང་ནི་ད་ལྟའི་ཧོང་ཀོང་འཛིན་སྐྱོང་བ་ལཱེན་ཊེན་དང་པཱེ་ཅིན་གཞུང་གི་མཐུན་ཕྱོགས་ཀྱི་མི་སྣ་གཙོ་བོ་ཞིག་ཡིན་པ་མ་ཟད། ད་དུང་ཁོ་རང་ལ་ཀེར་ལཱམ་ལས་ལྷག་པའི་ཆབ་སྲིད་ཀྱི་ཉམས་མྱོང་དང་ལངས་ཕྱོགས་བརྟན་པོ་ཡོད་ཅེས་བརྗོད་ཡོད།

ཞན་ཆ། ཁོང་ལ་འདེམ་བསྐོ་ལྷན་ཚོགས་ཀྱི་འཐུས་མིའི་ནང་ཀེལ་ལཱམ་དང་བསྡུར་ན་རྒྱབ་སྐྱོར་བྱེད་མཁན་ཉུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོའི་འོས་ཤོག་མང་པོ་ཞིག་དམངས་གཙོ་ཚོགས་པའི་འཐུས་མི་ཚོར་མི་བརྟེན་ཐབས་མེད་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

མིང་། རི་ཇའི་ནཱ་ ( Regina Ip )
རང་ལོ། ༦༦ །
ལྟ་བ། སྤྱི་དམངས།
ལངས་ཕྱོགས། པཱེ་ཅིན་གྱི་མཐུན་ཕྱོགས།

སྐུ་ལྕམ་རི་ཇའི་ནཱ་ལགས་ནི། དེ་སྔོན་ཧོང་ཀོང་གི་བདེ་སྲུང་དྲུང་ཡིག་ཡིན་པ་དང་། ༢༠༠༣ ལོར་ཁོ་མོས་གྱེན་ལངས་ཤོག་ཁག་རྩ་མེད་བཟོ་བའི་ཁྲིམས་འཆར་བཏོན་པར་མང་ཚོགས་ཀྱིས་ངོ་རྒོལ་བྱས་ཏེ། མཐའ་མར་ལས་གནས་ནས་དགོངས་པ་ཞུས་ཡོད་འདུག ༢༠༠༨ ལོར་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་གནས་སུ་ཞུགས་ཤིང་། ༢༠༡༡ ལོར་མོ་རང་གིས་མི་མང་གསར་བའི་ཚོགས་པ་གསར་འཛུགས་བྱས་ཡོད།

ལེགས་ཆ། མོ་རང་གིས་ ༢༠༠༣ ལོ་ནས་བཟུང་ཧོང་ཀོང་ནང་ཆབ་སྲིད་གར་སྟེགས་ཆེན་པོ་ཞིག་བཟུང་ཡོད་ལ། ད་ལྟའང་གྲོང་ཁྱེར་འདིའི་སྐད་གྲགས་ཅན་གྱི་ཆབ་སྲིད་མི་སྣ་གཙོ་གྲས་ཤིག་ཆགས་ཡོད། ལོ་སྔོན་མའི་ནང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོའི་འོས་བསྡུའི་སྐབས་མོ་ལ་འོས་གྲངས་མཐོ་ཤོས་གསུམ་པ་ཐོབ་ཡོད།

ཞན་ཆ། མོ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཧོང་ཀོང་གི་འབྲིང་རིམ་སྤྱི་ཚོགས་ཡིན་ནའང་། ཕྱོགས་གཞན་ཞིག་ནས་མོ་ལ་ཧོང་ཀོང་སྤྱི་ཚོགས་ནང་ཁུལ་ཁ་བྲལ་གཏོང་མཁན་ཡིན་པའི་ངོས་འཛིན་བྱེད་མཁན་ཡང་ཡོད་ལ། དམིགས་བསལ་གྱིས་དམངས་གཙོ་ཚོགས་པས་མོ་ལ་རྒྱབ་སྐྱོར་མི་བྱེད། མོ་རང་ ༢༠༡༢ ལོར་ཧོང་ཀོང་སྤྱི་ཁྱབ་འོས་མིར་ལངས་བའི་ཉམས་མྱོང་ལ་གཞིགས་ན། ཐེངས་འདིར་སྔོན་འགྲོའི་འོས་གྲངས་ ༡༥༠ འཐོབ་རྒྱུའང་དཀའ་ལས་ཁག་པོ་ཆགས་སྲིད།

མིང་། བོའོ་ཁོའོ་ཧིན་ (Woo Kwok-hing )
རང་ལོ། ༧༡ །
ལངས་ཕོགས། ཕྱོགས་གཉིས་མཐའ་རུ་མ་ལྷུང་བ།

སྐུ་ཞབས་བོའོ་ཁོའོ་ཧིན་ལགས་ནི། གཞུང་དང་ཐད་ཀར་འབྲེལ་བ་མེད་གང་ཡང་མེད་པའི་འོས་མི་གཅིག་པུ་དེ་ཡིན་པ་དང་། ཁོང་ནི་ཆེས་མཐོའི་ཁྲིམས་དཔོན་ཟུར་བ་དང་འོས་བསྡུའི་འགན་འཛིན་ཟུར་བ་ཞིག་ཀྱང་ཡིན།

ལེགས་ཆ། ཁོ་བོ་ནི་༢༠༡༤ ལོའི་ཧོང་ཀོང་ནང་གི་ཆར་གདུགས་གསར་བརྗེ་སོགས་ཀྱི་ཆབ་སྲིད་དཀའ་ངལ་སེལ་རྒྱུ་ཡིན་ཟེར་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། ཁོས་དམངས་གཙོ་ཚོགས་པའི་འཐུས་མི་ཚོ་དག་གི་འོས་ཤོག་རེག་རྒྱུར་རེ་བ་རྒྱག་གི་ཡོད།

ཞན་ཆ། ཁོང་ནི་དམངས་གཙོ་ཚོགས་པ་ཁོ་ནར་བརྟེན་ཏེ་སྔོན་འགྲོའི་འོས་གྲངས་ ༡༥༠ འཐོབ་དགོས་སྟབས། ཁོང་གི་རྒྱབ་སྐྱོར་བ་ཚང་མས་འོས་བླུགས་ཀྱང་འོས་གྲངས་ ༡༥༠ འཐོབ་མིན་ཐེ་ཚོམ་ཆགས་ཡོད་པ་རེད།

མིང་། ལིའི་ཁོ་ཧཱ་ (Leung Kwok-hung)
རང་ལོ། ༦༠ །
ལྟ་བ། དབྱེར་མེད།
ལངས་ཕྱོགས། དམངས་གཙོ་ཚོགས་པའི་མཐུན་ཕྱོགས།

སྐུ་ཞབས་ལིའི་ཁོ་ཧཱ་ལགས་ནི། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཚོགས་པ་དབུ་བརྙེས་སྐབས་ཀྱི་ཚོགས་མི་ཞིག་ཡིན་པ་དང་། ཁོང་ལ་མི་མང་པོ་ཞིག་གིས་སྐྲ་རིང་ཞེས་འབོད་སྲོལ་ཡོད་པ་རེད། ཁོང་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་བ་ཞིག་ཀྱང་ཡིན།

ལེགས་ཆ། ཁོ་ནི་ཧོང་ཀོང་གྲོང་ཁྱེར་གྱི་མི་ཚང་མར་རྒྱུས་ཡོད་པའི་ཆབ་སྲིད་མི་སྣ་ཞིག་ཡིན་པ་དང་། དམིགས་བསལ་ཁོ་རང་གི་དབུ་སྐྲ་དང་ཆི་གཱ་བ་རའི་(Che Guevara )སྟོད་ཐུང་ལ་མི་ཚང་མས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་སྟབས། ཁོང་གི་འགྲོ་འདུག་སྤྱོད་གསུམ་གྱི་གཤིས་ཀ་དེར་ཧོང་ཀོང་ནང་གི་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱིན་ཡོད། ད་སྔའི་ཧོང་ཀོང་གི་ཆབ་སྲིད་མི་སྣ་དག་གི་ཁྲོད་ནས་ཁོང་ནི་ཆབ་སྲིད་མི་སྣ་ཡག་ཤོས་སུ་བརྩི་བཞིན་ཡོད།

ཞན་ཆ། ཁོ་འོས་མིར་ལངས་བ་དེས་མི་མང་པོ་ཞིག་ལ་དམངས་གཙོ་ཚོགས་པའི་མཐའ་མའི་འོས་བསྡུའི་གྲུབ་འབྲས་ལ་གནོད་སྐྱོན་བཟོ་སྲིད་པའི་སེམས་འཚབ་ཆེན་པོ་བསླངས་ཡོད། ད་དུང་དམངས་གཙོ་ཚོགས་པའི་གཞུང་འབྲེལ་ཆབ་སྲིད་མི་སྣ་དང་ལོ་མང་རིང་སྲིད་སྟེགས་བཟུང་མྱོང་བའི་སྐུ་དྲག་དག་དང་བསྡུར་ན། ཁོ་བོར་རྒྱབ་སྐྱོར་བྱེད་པ་ནི་དམངས་ཚོགས་པར་རྒྱབ་སྐྱོར་མ་བྱས་བ་དང་གཅིག་མཚུངས་ཡིན་པའི་བསམ་ཚུལ་འདོན་མཁན་ཡང་ཡོད།

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply