ཧོང་ཀོང་གིས་ ༧.༡ ཉིན་ཇི་ལྟར་སྲུང་གཙི་ཞུ་དགོས།

ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་ཐད། ཧོང་ཀོང་དམངས་གཙོ་དོན་གཉེར་ཚོགས་པ་དང་། རྒྱ་ནག་ཕྱོགས་གཏོགས་ཧོང་ཀོང་སྐྱིད་སྡུག་ཚོགས་པ་གཉིས་ཀྱི་ལངས་ཕྱོགས་ཁ་ཁ་ཆགས་ཡོད།

ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༧ ཚེས་༡ ཉིན་ནི། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་ཉིན་མོ་ཡིན་སྟབས། ཧོང་ཀོང་གཞུང་གིས་ཉིན་དེར་དུས་དྲན་སྲུང་གཙི་གྲ་རྒྱས་པོ་ཞིག་བྱེད་འཆར་ཡོད་པ་དང་། དུས་དྲན་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཡང་ཆེད་བཅར་ཞུ་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༩ ཉིན་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཧོང་ཀོང་གཞུང་ལ་ལོ་ལྟར་མི་མང་འདུ་འཛོམས་བྱེད་སའི་བེ་ཁུ་ཊོར་གླིང་ག་(Victoria Park)བེད་སྤྱོད་གཏོང་ཆོག་པའི་ཆོག་མཆན་ཞུས་སྐབས་ངོས་ལེན་བྱས་མེད་པར། ཧོང་ཀོང་སྐྱིད་སྡུག་ཚོགས་པ་ཟེར་བའི་པེ་ཅིན་མཐུན་ཕྱོགས་ཀྱི་ཚོགས་པ་ཞིག་ལ་གཡར་ཡོད་འདུག

ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ནི་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་ལོ་ལྟར་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་བེ་ཁུ་ཊོར་གླིང་གར་ཧོང་ཀོང་མི་མང་ལ་རང་དབང་དང་འོས་བསྡུའི་ཐོབ་ཐང་དགོས་པ། དེ་བཞིན། ཧོང་ཀོང་ལ་ཚད་མཐོའི་རང་སྲིད་རང་སྐྱོང་དགོས་པ་བཅས་ཀྱི་སྐད་འབོད་རྒྱག་གི་ཡོད་འདུག

ཧོང་ཀོང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ཧོང་ཀོང་རིག་གཞུང་འགྲེམས་སྟོན་ཁང་གིས་ཧོང་ཀོང་སྐྱིད་སྡུག་ཐེབས་རྩ་ཚོགས་པར་རྒྱུ་མཚན་ཡང་དག་ཡོད་པའི་ངོས་འཛིན་བྱས་ཏེ་བེ་ཁུ་ཊོར་གླིང་ག་གཡར་ཡོད་པ་དང་། ང་ཚོ་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རིན་མེད་ཐོག་བེད་སྤྱོད་གཏོང་འཆར་ཡོད་པའི་རྒྱུ་མཚན་སོགས་དྲངས་ཏེ། ང་ཚོའི་སྙན་ཞུ་ལ་ཆ་འཇོག་བྱས་མ་སོང་། ཞེས་བརྗོད་ཡོད།

ད་ལོ་དབྱིན་ཇིའི་གཞུང་གིས་ཧོང་ཀོང་ ༡༩༩༧ ལོར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་ཡོད་པ་དང་། ཧོང་ཀོང་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སོགས་གནད་ཡོད་མི་སྣ་ཁག་གདན་འདྲེན་ཞུས་ཏེ། དུས་དྲན་སྲུང་བརྩི་གྲ་རྒྱས་པོ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། ཧོང་ཀོང་གཞུང་གིས་དམངས་གཙོ་མཐུན་ཚོགས་ཀྱི་ཕྱོགས་གཏོགས་མགོ་ཁྲིད་འགའ་འཛིན་བཟུང་བྱས་ཡོད་པ་དང་། དམངས་གཙོ་འཐབ་རྩོད་པ་ཚོས་བརྗོད་པ་ལྟར་ན། ཧོང་ཀོང་གཞུང་གིས་གཞུང་དང་ལྟ་བ་མི་མཐུན་པ་སུ་ཞིག་ཡིན་ཡང་ཞི་ཅིན་ཕིན་ཧོང་ཀོང་ནང་མ་འབྱོར་སྔོན་ལ་བཀག་ཉར་བྱེད་འཆར་ཡོད་འདུག ཐེངས་འདི་ནི་ཞི་ཅིན་ཕིན་ ༢༠༡༣ ལོར་རྒྱ་ནག་གི་དབུ་ཁྲིད་ཆགས་རྗེས་ཐོག་དང་པོར་ཧོང་ཀོང་དུ་སྐྱོད་ཀྱི་ཡོད་པ་རེད།

ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཞི་ཅིན་ཕིན་ཉིན་གསུམ་རིང་ཧོང་ཀོང་ནང་ཕྱིར་སྐྱོད་ཀྱི་ལས་རིམ་ཡོད་པ་དང་། སྐབས་དེར་ཧོང་ཀོང་སྤྱི་ཁྱབ་གསར་པ་ལྕམ་ཀེར་ལཱམ་ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིན་གྱི་མདུན་དུ་ཧོང་ཀོང་སྤྱི་ཁྱབ་ཀྱི་དམ་འབུལ་ཞུ་རྒྱུ་ཡིན་པ་དང་། ལྕམ་ཀེར་ལཱམ་ནི་ལོ་མང་རིང་རྒྱ་ནག་གིས་ཡིད་ཆེས་བློ་གཏད་བྱེད་སའི་ཧོང་ཀོང་གཞུང་གི་ལས་བྱེད་མཐོ་གྲས་ཤིག་ཆགས་ཡོད་པ་རེད།

ཐེངས་འདིར་ཞི་ཅིན་ཕིན་ཧོང་ཀོང་ནང་འབྱོར་བ་དང་བསྟུན་ཏེ། དམངས་གཙོའི་མཐུན་ཕྱོགས་ཀྱི་ཚོགས་སྡེ་ཁག་གིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཐོག་དམ་དྲག་བྱེད་བཞིན་ཡོད་པ་དང་། ཧོང་ཀོང་ལ་རང་བཙན་མ་རག་ཀྱང་ཚད་མཐོའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པ་བཅས་ཀྱི་སྐོར་ལ་ངོ་རྒོལ་བྱེད་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༥/༡༢

Leave a Reply