ཧོང་ཀོང་ཉེན་རྟོག་མགོ་བ་འགའ་ལ་ཁྲིམས་ཐག་བཅད།

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བར་རྡུང་རྡེག་གཏོང་མཁན་གྱི་ཉེན་རྟོག་མགོ་བ་བདུན་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་དམངས་གཙོ་དང་རང་དབང་གི་ངོ་རྒོལ་ཤུགས་ཆེན་པོ་བྱུང་སྐབས། སྤྱི་ཚོགས་ཞབས་ཞུ་བ་དང་ལས་འགུལ་བ་སྐུ་ཞབས་ཀཱིན་ཚཱང་(Ken Tsang)ལགས་ཀྱང་ལས་འགུལ་དེར་མཉམ་ཞུགས་བྱས་ཏེ། ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་གིས་ལག་ལྕགས་བརྒྱབས་ཏེ་རྡུང་རྡེག་བཏང་ཡོད་སྟབས། ཟླ་འདིའི་ཚེས་ ༡༤ ཉིན་ཧོང་ཀོང་ས་གནས་ཉེན་རྟོག་པའི་མགོ་ཁྲིད་ ༧ ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ངོ་རྒོལ་སྐབས་ཉེན་རྟོག་པ་ཚོས་སྐུ་ཞབས་ཚཱང་ངོ་རྒོལ་བའི་ཁྲོད་ནས་འཛིན་བཟུང་བྱས་ཏེ་ཉེ་འགྲམ་གྱི་སྐྱེད་ཚལ་ཞིག་ཏུ་ཁྲིད་དེ་རྡོག་ཐོ་དང་ཁུ་ཚུར་བཞུས་པ་བརྙན་འཕྲིན་དང་པར་མང་པོའི་ནང་ཐོན་ཡོད་འདུག སྔོན་ཆད་ཧོང་ཀོང་ཉེན་རྟོག་པས་མི་མང་ལ་རྡུང་རྡེག་བཏང་བ་ཧ་ཅང་དཀོན་པ་དང་། དུས་རྒྱུན་མི་མང་གིས་ཀྱང་ཉེན་རྟོག་པར་གུས་ཞབས་དང་བརྩི་མཐོང་ཆེན་པོ་བྱེད་སྲོལ་ཡོད་ཀྱང་། སྐབས་དེའི་ལས་འགུལ་ཐོག་ཉེན་རྟོག་པ་ཚོས་དམངས་གཙོ་དོན་གཉེར་བའི་ངོ་རྒོལ་ལ་དྲག་གནོན་བྱས་པ་དེས་མི་རྣམས་ཧང་སང་དུ་བཅུག་ཡོད་པ་དང་། མི་མང་གིས་སྐྱོན་བརྗོད་ཤུགས་ཆེན་པོ་བསླེབས་ཡོད།

༢༠༡༤ ལོར་སློབ་ཕྲུག་མང་པོ་ཞིག་གཞུང་ལམ་སྟེང་བསྡད་དེ་རྒྱ་ནག་སྐམ་ས་ཆེན་པོས་ཧོང་ཀོང་གི་མགོ་ཁྲིད་གསར་འདེམས་ལ་ཐེ་ཇུས་བྱས་པ་དེར་མི་དགའ་བའི་རྣམ་འགྱུར་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རང་དབང་སྤྲོད་དགོས་པའི་ངོ་རྒོལ་ཤུགས་ཆེན་པོ་བྱས་ཏེ་ཉིན་ ༧༩ རིང་གཞུང་ལམ་སྟེང་བསྡད་ཡོད་པ་རེད།

ཧོང་ཀོང་གི་བདེ་སྲུང་ཁྲིམས་རྩོད་པ་(Lawrence Lok)གིས། སྐབས་དེར་ངོ་རྒོལ་བ་ཚོས་ཉེན་རྟོག་པར་ཚིག་རྩུབ་དང་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་ཡོད་སྟབས། ཉེན་རྟོག་པས་དྲག་པོ་མ་བྱས་ཀ་མེད་བྱུང་བ་རེད་ཅེས་ཁྲིམས་ཁང་ཏུ་ཞུ་གཏུགས་བྱས་ཡོད་འདུག ཁྲིམས་དཔོན་ཌཱེ་བྷིཊ་ཌུཕ་ཊཱོན་(Judge David Dufton)གྱིས། སྐབས་དེར་ཉེན་རྟོག་པ་ཚོར་སེམས་འཚབ་ཀྱི་གནོན་ཤུགས་ཆེན་པོ་བྱུང་ཡོད་ངེས་ཀྱང་། ངོ་རྒོལ་བས་ཀུན་སྤྱོད་ལོག་པའི་དཔང་རྟགས་གང་ཡང་མི་འདུག ཅེས་བརྗོད་འདུག

ངོ་རྒོལ་སྐབས་ཉེན་རྟོག་པས་རྡུང་རྡེག་བཏང་བར་བརྟེན་ཏེ། སྐུ་ཞབས་ཚཱང་གི་གདོང་དང་སྐེ། ལུས་པོ་གང་སར་རྨ་ཁ་བཟོས་ཡོད་པ་དང་། རྡུང་རྡེག་ཕོག་པའི་དགོང་མོ་དེར་ཁོས་ངོ་རྒོལ་སྐབས་ཉེན་རྟོག་པར་ཆུ་གཏོར་བའི་ནག་ཉེས་ངོས་ལེན་བྱས་ཡོད་སྟབས། ལོ་སྔོན་མར་ཁོང་ལ་ཁྲིམས་ཁང་ནས་བདུན་ཕྲག་ལྔའི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

༡༩༩༧ ལོར་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་བརྩི་སྤྲོད་བྱས་ཏེ། ད་ཆར་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་པོའི་ཆ་ཤས་གྱུར་ཡོད་ཀྱང་། ཧོང་ཀོང་མི་མང་གིས་ ‘རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་’ ཞེས་པའི་རྒྱ་ནག་གཞུང་གི་སྟངས་འཛིན་འོག་གི་སྲིད་བྱུས་དེར་འདོད་པ་མེད་པའི་རྣམ་འགྱུར་སྟོན་བཞིན་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༧

Leave a Reply