ཧོང་ཀོང་ལོ་རྒྱུས་ཡིག་རྒྱུགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དམངས་གཙོའི་འགྱུར་བ་གླེང་།

ཟླ་འདིའི་ཚེས་ ༡༩ ཉིན་ཧོང་ཀོང་འབྲིང་རིམ་སློབ་གྲྭ་ཁག་ལ་རྒྱལ་ཡོངས་ལོ་རྒྱུས་ཡིག་རྒྱུགས་བཏང་ཡོད་པ་དང་། སྐབས་དེའི་དྲི་ཤོག་སྟེང་ཕྱི་ལོ་ ༡༩༤༠ ལོའི་ཡར་སྔོན་ལ་རྒྱ་ནག་དམར་ཤོག་ཚོགས་པས་དམངས་གཙོར་བསྟོད་བསྔགས་བཏང་ཡོད་ཀྱང་། ཕྱིས་སུ་དམར་ཤོག་ཚོགས་པས་རྒྱ་ནག་ལ་དབང་བསྒྱུར་བྱས་རྗེས་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ཅེས་སློབ་ཕྲུག་ཚོར་བསམ་ཚུལ་འབྲི་རུ་བཅུག་ཡོད་འདུག

རྒྱུགས་ཤོག་དེ་དག་ནང་གི་དྲི་བ་གཞན་ཞིག་ཏུ། ༡༩༨༢ ལོར་ཧོང་ཀོང་མི་མང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་པར་མང་མོས་འོས་བསྡུ་བྱས་སྐབས་འོས་གྲངས་བརྒྱ་ཆ་ ༤ ཡིས་རྒྱ་ནག་ལ་རྩིས་སྤྲོད་བྱེད་རྒྱུར་མོས་མཐུན་བྱས་ཡོད་ཅེས་སློབ་ཕྲུག་ཚོའི་དོ་སྣང་འགུག་པའི་དྲི་བ་ཞིག་ཀྱང་བཏོན་ཡོད་འདུག རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བའི་བརྗོད་གཞི་གཉིས་བཀོད་དེ་སློབ་ཕྲུག་ཚོར་གནད་དོན་མི་འདྲ་བ་ཁག་གཉིས་ཀྱི་ཐོག་ནས་ལོ་རྒྱུས་ཤེས་བྱ་མཁོ་སྤྲོད་བྱས་ཡོད།

བརྗོད་བྱ་དང་པོ་ནི་ ༡༩༤༣ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༤ ཉིན་རྒྱ་ནག་གུང་ཁྲན་ཏང་གི་ཚགས་པར་སྟེང་ཨ་རིའི་དམངས་གཙོའི་ཉིན་མོ་ཞེས་བའི་དཔྱད་རྩོམ་ཞིག་བཀོད་ཡོད་པ་དང་། རྩོམ་ཡིག་དེའི་ནང་ “སྐབས་དེར་ཨ་རིའི་དམངས་གཙོའི་ལམ་ལུགས་རྒྱ་ནག་གིས་མིག་དཔེར་ལྟ་འོས་བའི་ཆབ་སྲིད་ལམ་ལུགས་ཤིག་ཆགས་ཡོད་སྟབས། ང་ཚོས་སྙིང་སྟོབས་དང་དྲང་བདེན་གཞིར་བཞག་གིས་རྒྱ་ནག་རང་དབང་དང་དམངས་གཙོའི་ལམ་ལུགས་ཤིག་ཏུ་བསྒྱུར་དགོས་པ་ཤེས་ཡོང་” ཞེས་དང་། “ང་ཚོས་དམངས་གཙོ་དང་ཚན་རིག་ནི་རྒྱ་ནག་དང་ཨ་རིའི་བར་གྱི་འབྲེལ་ཐག་ཡིན་པ་ཤེས་བར་བྱ་”ཞེས་བཀོད་ཡོད་འདུག

བརྗོད་བྱ་གཉིས་བ་ནི་མའོ་ཙེ་ཏུང་གིས་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་བ་མཇུག་སྒྲིལ་བ་དང་། དམར་ཤོག་ཚོགས་པའི་ཏིང་གི་ཚོགས་ཆེན་ ༧ པའི་སྟེང་གི་གཏམ་བཤད་ལས་ཟུར་ཅིག་བཀོད་ཡོད།

བརྗོད་བྱ་དེའི་ནང་མའོ་ཙེ་ཏུང་གིས་བརྗོད་དོན། “ང་ཚོས་ཉི་ཧོང་བཙན་རྒྱལ་རིང་ལུགས་མགོ་གནོན་དགོས་ན། ངེས་པར་དུ་རྒྱ་ནག་ལ་དམངས་གཙོའི་བཅོས་སྒྱུར་བྱེད་དགོས། བཅོས་སྒྱུར་འདི་ལག་བསྟར་བྱེད་པར་ཐོག་མར་ང་ཚོས་སྲིད་དབང་གཅིག་སྡུད་བྱེད་མཁན་གོ་མིན་ཏང་རྩ་མེད་བཏང་སྟེ། ང་ཚོ་ཐུན་མོང་གི་དམངས་གཙོའི་གཞུང་ཞིག་བསྐྲུན་དགོས།” ཞེས་དང་། “སྲིད་དབང་གཅིག་སྡུད་བྱེད་མཁན་གོ་མིན་ཏང་འོག་ང་ཚོར་ཁེ་ཕན་ཡོད་མེད་སྐོར་མི་སུ་གཅིག་གིས་ཀྱང་གླེང་ཕོད་ཀྱི་མི་འདུག་” ཅེས་དང་། ཁོས་མུ་མཐུད་དུ། “རང་དབང་ནི་མི་མང་གི་འཐབ་རྩོད་ཁྲོད་ན་ཡོད་པ་ལས་མི་སུ་གང་གིས་ཀྱང་ཁྱོད་རང་གི་ལག་ཏུ་འཇོག་མཁན་མེད་” ཅེས་བརྗོད་ཡོད་པ་བཀོད་དེ། སློབ་ཕྲུག་ཚོར་དྲི་བ་གསུམ་བཏོན་ཡོད་པ་ལས་ཐོག་མར་ཨ་རིའི་དམངས་གཙོའི་སྐོར་གྱི་རྩོམ་པ་པོ་དེའི་ཨ་རིར་བཟུང་བའི་ཀུན་སློང་ལ་དཔྱད་པ་གཏོང་དགོས་ཞེས་པ་དང་། གཉིས་བ་ནི་གོང་གི་བརྗོད་གཞི་གཉིས་བའི་ཐོག་ “གལ་སྲིད་ཁྱེད་རང་ ༡༩༤༥ ལོའི་སྐབས་ཀྱི་རྒྱ་ནག་གི་མཁས་དབང་ཞིག་ཡིན་ཚེ། ཁྱེད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་སྲིད་དམ་” ཞེས་བར་དྲི་ལན་འདེབས་དགོས་ཡོད་པ་རེད། གསུམ་པ་ནི་ “༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་བ་དང་དམར་ཤོག་ཚོགས་པའི་ལངས་ཕྱོགས་རྦད་དེ་འགྱུར་བ་ཕྱིན་ཡོད་དང་། གོང་གི་མའོ་ཡི་གཏམ་བཤད་གཞིར་བཞག་སྟེ་མའོ་ཡི་དུས་ཚིགས་ ༡༩༧༨ ལོར་མཇུག་མ་སྒྲིལ་བར་གྱི་རྒྱ་ནག་འགྱུར་བ་ཕྱིན་པའི་ཐོག་རང་ཉིད་ཀྱི་བསམ་ཚུལ་འབྲི་དགོས་པ་བཅས་རེད།

༡༩༧༦ ལོར་མའོ་ཙེ་ཏུང་འདས་གྲོངས་སུ་སོང་ཡོད་པ་དང་། ༡༩༧༨ ལོར་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ནང་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཐག་གཅོད་བྱས་ཡོད།

ཧོང་ཀོང་གི་ལོ་རྒྱུས་ཡིག་རྒྱུགས་དེ་མཇུག་རྫོགས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྐོར་གྱི་དྲི་བ་དེ་དག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་ཆགས་ཡོད། དེའི་ཁྲོད་མི་ཞིག་གིས་ “ངས་བསམ་ན་ཧོང་ཀོང་གི་རྒྱལ་ཡོངས་ཡིག་རྒྱུགས་འགན་འཛིན་ལྷན་ཚོགས་ནི་ཧ་ཅང་བློ་སྟོབས་ལྡན་པའི་ལྷན་ཁང་ཞིག་རེད་” ཅེས་དང་། མི་གཞན་ཞིག་གིས་ “དེ་ནི་རྒྱལ་ཁབ་ཀྱི་སློབ་གསོ་དངོས་རེད་” ཅེས་སོགས་བརྗོད་ཡོད་འདུག ཡང་མི་གཞན་ཞིག་གིས་ “ད་དུང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཐོན་མེད་པས་ང་ཚོས་དེར་ཡིད་གཟབ་བྱེད་དགོས། གཅིག་བྱས་ན་ཡིག་རྒྱུགས་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་མི་བྱེད་མཁན་སློབ་ཕྲུག་ཚོས་ཡིག་རྒྱུགས་འཕྲོད་མེད་སྲིད་པ་རེད་ཅེས་ཉེན་བརྡ་ཡང་བཏང་ཡོད་འདུག

མི་མང་ཆེ་བས་ཧོང་ཀོང་རང་མགོ་བྱས་ཏེ་གནས་རྒྱུར་མོས་མཐུན་བྱས་ཡོད།

དེའི་རྗེས་སུ་དྲི་བ་གཞན་ཞིག་ཏུ་ “ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་” ཅེས་བའི་ཐད་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་དེས་མི་རྣམ་དེ་བས་ཀྱང་ཧ་སང་དུ་བཅུག་ཡོད།

དེ་ཡང་ ༡༩༨༢ ལོར་ཧོང་ཀོང་བཅོས་སྒྱུར་ལྷན་ཁང་གིས་ཧོང་ཀོང་ ༡༩༩༧ ལོའི་རྗེས་ནས་རྒྱ་ནག་གི་ཁུངས་སུ་འདུག་རྒྱུ་ཡིན་མིན་ལ་ཚོད་ལྟའི་མང་མོས་འོས་བསྡུ་བྱས་སྐབས། མི་གྲངས་ ༩༩༨ ཡོད་པ་ལས་བརྒྱ་ཆ་ ༧༠ ལྷག་གིས་ཧོང་ཀོང་རྒྱ་ནག་ལ་བརྟེན་མི་དགོས་པར་རང་མགོ་དང་རང་སྐྱ་ཐུབ་པའི་ངང་གནས་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། འོས་བསྡུ་དེའི་ཁྲོད་ཀྱི་འདམ་ཀ་གྲགས་ཆེ་ཤོས་ཤིག་ནི་མི་འབོར་བརྒྱ་ཆ་ ༡༥ ཡིས་ཧོང་ཀོང་མཉམ་འབྲེལ་རྒྱལ་ཚོགས་ཁུངས་གཏོགས་ས་ཁུལ་ཞིག་གི་ངོ་བོར་འདུག་རྒྱུ་ཡིན་ཟེར་བ་དེ་རེད། ཡང་མི་འབོར་བརྒྱ་ཆ་ ༤ ཡིས་ཧོང་ཀོང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་དང་རྒྱ་ནག་གི་སྲིད་ཇུས་འོག་འདུག་རྒྱུ་ཡིན་པ་བཅས་ཀྱི་མཇུག་འབྲས་བྱུང་ཡོད།

ཐེངས་འདིའི་ཧོང་ཀོང་སློབ་འབྲིང་ཁག་གི་ལོ་རྒྱུས་ཡིག་རྒྱུགས་ཁྲོད་ཀྱི་དྲི་ཤོག་དེ་དག་གིས་སློབ་ཕྲུག་ཚོར་གོང་གི་ཧོང་ཀོང་མི་མང་གི་སེམས་ཁྲལ་མཚོན་པའི་འོས་བསྡུའི་གྲུབ་འབྲས་དེ་དག་བརྒྱུད་དེ་ཧོང་ཀོང་མི་མང་གིས་མ་འོངས་པའི་ཧོང་ཀོང་ཇི་ལྟ་བུ་ཞིག་ཏུ་བསྒྱུར་འདོད་ཡོད་པའི་ཐད་བསམ་ཚུལ་འབྲི་རུ་བཅུག་ཡོད། དྲི་ཤོག་དེའི་ནང་ ༡༩༩༠ ནང་གི་ཧོང་ཀོང་གི་གཞས་བ་སྐུ་ཞབས་ཟཱམ་ཧི་(Sam Hui)ལགས་ཀྱིས་གླུ་གཞས་ཐོག་ནས་ཧོང་ཀོང་མི་མང་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱོད་མི་རུང་ཞེས་ནན་སྐུལ་བྱས་ཡོད་པ་བཀོད་དེ། སློབ་ཕྲུག་ཚོས་གླུ་གཞས་དེ་བརྒྱུད་ནས་གོང་གི་ཚོད་ལྟའི་འོས་བསྡུའི་ཁྲོད་ཀྱི་མི་མང་གི་སེམས་ཁྲལ་དེ་ ༡༩༩༠ ནང་ཚུད་ཡོད་མེད་ཞིབ་བསྡུར་བྱེད་བཅུག་ཡོད་པ་རེད།

མཇུག་ཏུ་སློབ་ཕྲུག་ཚོར་གོང་གི་མི་མང་ལ་ཚོད་ལྟའི་འོས་བསྡུ་བྱས་པའི་གྲུབ་འབྲས་ཀྱིས་བསྐྲུན་པའི་ཧོང་ཀོང་གི་མ་འོངས་པའི་ཆབ་སྲིད་ལམ་ལུགས་དེ་ག་འདྲ་ཞིག་ཏུ་འགྱུར་གྱི་ཡོད་མེད་དང་། ༡༩༩༧ ལོའི་བར་གྱི་ཧོང་ཀོང་གི་ཡར་རྒྱས་རྣམ་པ་གཉིས་གཞི་རྩར་བཟུང་སྟེ་བསམ་ཚུལ་འབྲི་དགོས་ཀྱི་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༢༨

Leave a Reply