ཧོང་ཀོང་སྤྱི་ཁྱབ་དཔོན་པོ་ཁྲིམས་གཏུག་བྱས།

ཧོང་ཀོང་སྤྱི་ཁྱབ་དཔོན་པོ་ཉིང་ཁྲིན་ཡེན་དང་འབྲེལ་བའི་ལྐོག་རྔན་གྱི་གནད་དོན་དེར་ཆེད་འཛུགས་ཞིབ་བཤེར་ཚོགས་པས་ཞིབ་བཤེར་མཐར་ཕྱིན་པ་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས།

ཕྱི་ཕྱོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་སྤྱི་ཁྱབ་དཔོན་པོ་ཉིང་ཁྲིན་ཡེན་གྱིས་ཡུ་རོབ་ཀྱི་བཟོ་སྐྲུན་ཁེ་ལས་ཁང་(UGL)ནས་ལྐོག་རྔན་ཧོང་ཀོང་སྒོར་ས་ཡ་ ༥༠ བླངས་ཡོད་པའི་གནས་ཚུལ་ཐོན་རྗེས། ཧོང་ཀོང་གྲོས་ཚོགས་ནས་གནད་དོན་དེའི་སྐོར་ལ་ཞིབ་བཤེར་ཚོགས་པ་བཙུགས་ཏེ་ཞིབ་བཤེར་གནང་བཞིན་ཡོད་་ཀྱང་།  ཧོང་ཀོང་སྤྱི་ཁྱབ་དཔོན་པོ་ཉིང་ཁྲིན་ཡེན་གྱིས་གནད་དོན་དེ་ཁོ་རང་སྤྱི་ཁྱབ་དཔོན་པོ་མ་ཆགས་གོང་གི་ཞབས་ཞུ་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་སྐོར་བརྗོད་དེ་ཞིབ་བཤེར་དང་ལེན་གནང་གི་མེད་པ་མ་ཟད། ཁོང་གིས་ཡོངས་ཁྱབ་དང་ཡོངས་ཁྱབ་མིན་པའི་ཐོག་ནས་ཞིབ་བཤེར་ཚོགས་པའི་རྒྱུན་ལས་ཀྲུའུ་ཧོ་དིན་ལ་ཞིབ་བཤེར་གྱི་ཁྱབ་ཁོངས་ལ་ངེས་པར་དུ་བཟོ་བཅོས་དགོས་པའི་བཙན་སྐུལ་ཡང་ཡང་བྱས་པར་བརྟེན། ཀྲུའུ་ཧོ་དིན་གྱིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། ཡང་ཉེ་སྔོན་ད་ལྟའི་དམངས་གཙོ་ཚོགས་པའི་ཞིབ་བཤེར་ཚོགས་པའི་རྒྱུན་ལས་ཉིང་ཇི་ཁྲང་(梁继昌)ལ་ཕྱོགས་རིས་ཡོད་པས་མུ་མཐུད་ཞིབ་བཤེར་རྒྱུན་ལས་དུ་བཞག་ན་མི་འོས་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཏེ། ཉིང་ཁྲིན་ཡེན་གྱིས་གནོན་ཤུགས་རིམ་པ་སྤྲད་པར་བརྟེན་གླེང་གཞི་སྔར་ལས་ཤུགས་ཆེན་བསླངས་བ་མ་ཟད། ཧོང་ཀོང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཉིང་ཁྲིན་ཡེན་གྱིས་སྤེལ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་སྦྲགས། ཉིང་ཁྲིན་ཡེན་དང་འབྲེལ་བའི་ཡུ་རོབ་བཟོ་སྐྲུན་ཁེ་ལས་ཁང་གི་གནད་དོན་དེར་ཞིབ་བཤེར་མཐར་ཕྱིན་པ་བྱ་རྒྱུ་ཡོངས་བསྒྲགས་གནང་འདུག

དེ་ཡང་ཁ་སང་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཞིབ་བཤེར་ཚོགས་ཚོགས་པའི་རྒྱུན་ལས་ཉིང་ཇི་ཁྲང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག མང་དོན་ཞུ་གཏུག་གི་ཁ་མཆུ་ཞིག་འགྲོ་བཞིན་པ་ཡིན་སྟབས། ཁོང་གིས་ཡང་བསྐྱར་ཁེ་ལས་ཁང་དང་འབྲེལ་བའི་གནད་དོན་སོགས་ཀྱི་ཐོག་ཉིན་རེའི་དུས་ཚོད་འཕྲོ་བརླག་ཏུ་བཏང་སྟེ་ལན་འདེབས་གང་ཡང་བྱ་རྒྱུ་མིན་ལ། གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ཧོང་ཀོང་མི་མང་གི་ཆེད་དུ་ནུས་པ་འདོན་དགོས་པས་མུ་མཐུད་ཞིབ་བཤེར་རྒྱུན་ལས་ནང་བསྡད་དེ་བློ་གཅིག་སེམས་གཅིག་གིས་སོ་སོའི་ལས་ཀ་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུ་ཡིན་སྐོར་བརྗོད་འདུག

དེ་བཞིན་སྤྱི་མཐུན་ཚོགས་པའི་འཐུས་མི་ཀོ་རོང་ཁིན་(郭荣铿)གྱིས། ཉིང་ཁྲིན་ཡེན་ནས་ཉི་མ་རིམ་བསྟུད་དུ་སྨྱོས་གྲབས་ཀྱིས་སྤེལ་བའི་བྱ་སྤྱོད་དག་གིས་ཁོའི་སེམས་ན་གནོང་ཞིག་འདུག་བསམ་པའི་ཚོར་བ་བསྐྲུན་ཡོད་པ་དང་། དམངས་གཙོ་ཚོགས་པས་ངེས་པར་དུ་ཞིབ་བཤེར་མཐར་སྐྱེལ་བྱ་རྒྱུ་ཡིན་པ་ལས་ཉིང་ཁྲིན་ཡེན་གྱི་འཇིགས་སྐུལ་ལ་བརྟེན་ནས་མཚམས་འཇོག་མི་འཇོག་སྐོར་བརྗོད་འདུག

ཁ་སང་ཧོང་ཀོང་ཐིག་གཅིག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་དམངས་གཙོ་ཚོགས་པའི་འཐུས་མི་ ༢༨ ཀྱིས་གྲོས་ཚོགས་ལ་ཉིང་ཁྲིན་ཡེན་གྱི་གནད་དོན་ཞུ་གཏུག་དང་། ཞུ་གཏུག་སྐོར་གསར་འགོད་གསལ་བསྒྲགས་གནང་ཡོད་འདུག འཐུས་མིའི་གཏུག་ཡིག་ནང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིའི་སྡོམ་འབོར་ལས་ཉུང་མཐར་བཞི་ཆ་གཅིག་གིས་དེ་ལ་མཉམ་རུབ་རྒྱབ་སྐྱོར་གནང་ཡོད་པ་དང་། ཉིང་ཁྲིན་ཡེན་གྱིས་གནད་དོན་དེར་ཞིབ་བཤེར་བྱེད་མཁན་ལ་གནོན་ཤུགས་སྤྲད་པ་དང་། ཉེས་འཛུགས་བྱས་ཏེ་ཞིབ་བཤེར་ཀྱི་ཁ་ཕྱོགས་བསྒྱུར་བ་དང་། ནང་དོན། མཇུག་འབྲས་བཅས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་སྟབས། བྱ་སྤྱོད་དེ་ཚོ་ཁོས་སྔ་གཞུག་ཏུ་ཁས་ལེན་བྱས་པའི་རྩ་ཁྲིམས་དང་། སྤྱི་མང་གི་བཅའ་ཁྲིམས་འོས་འགན་དང་འགལ་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་སྤྱི་ཁྱབ་དཔོན་པོ་གསར་པ་ལྕམ་(Carrie Lam Cheng Yuet-ngor)ལགས་ཀྱི་དངོས་སུ་ལས་འཁུར་མ་ཞུས་གོང་ལ་ངེས་པར་དུ་ཐག་གཅོད་གཙང་མ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

དམངས་གཙོ་ཚོགས་པའི་བསྒྲགས་གཏམ་དེ་སྤེལ་ནས་ཆུ་ཚོད་ ༤ ཙམ་གྱི་རྗེས་སུ། ཉིང་ཁྲིན་ཡེན་གྱིས་དྲ་ཐོག་ཏུ་ཁེ་ལས་ཁང་དང་འབྲེལ་བའི་གནད་དོན་དེའི་སྐོར་ལ་ཁོས་ལན་འདེབས་ཐེངས་མང་བྱས་ཡོད་ཀྱང་། ཉིང་ཇི་ཁྲང་དང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཆབ་སྲིད་རྙོག་གླེང་བཟོ་འདོད་པ་ཙམ་ཡིན་སྐོར་དང་། གལ་སྲིད་གནད་དོན་ཁ་གསལ་བཟོས་ཐུབ་ཚེ་ཞིབ་བཤེར་བྱེད་པར་སྐྲག་དགོས་མེད་ཀྱང་། སྲིད་གཞུང་གི་ལས་བྱེད་ཚུད་པའི་མི་ཚང་མར་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་སྟབས། གྲོས་ཚོགས་འཐུས་མི་ ༢༠ ཞིག་གི་ཞུ་གཏུག་གཞིར་བཞག་པའི་ཞིབ་བཤེར་ལ་དང་ལེན་བྱ་རྒྱུ་མིན་སྐོར་བརྗོད་འདུག

ཡུ་རོབ་ཀྱི་བཟོ་སྐྲུན་ཁེ་ལས་ཁང་དང་འབྲེལ་བའི་གནད་དོན་དེ་ཕྱི་ལོ་ ༢༠༡༤ ཟླ་ ༡༠ པའི་ནང་ཡུ་རོབ་ཀྱི་(Fairfax Media)གསར་ཁང་གིས་ཐོག་མར་ཕྱིར་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་དེའི་ནང་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢ ཉིན་ཧོང་ཀོང་སྤྱི་ཁྱབ་དཔོན་ཉིང་ཁྲིན་ཡེན་གྱིས་ཡ་གླིང་ཁུལ་གྱི་(Debenham Thouard Zadelhoff)ཁེ་ལས་ཁང་གི་འགན་འཛིན་གྱི་མིང་ཐོག་ནས་ཡུ་རོབ་ཀྱི་བཟོ་སྐྲུན་ཁེ་ལས་ཁང་(UGL)མཉམ་དུ་གསང་བའི་གན་རྒྱ་ཞིག་བཞག་ཡོད་པ་དང་། གན་རྒྱ་དེའི་ནང་བཟོ་སྐྲུན་ཁེ་ལས་ཁང་དེས་ཧོང་ཀོང་སྒོར་ས་ཡ་ ༥༠ ལྐོག་རྔན་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༥ པའི་ནང་ཡུ་རོབ་ཀྱི་བཟོ་སྐྲུན་ཁང་དེས་ཉིང་ཁྲིན་ཡེན་གྱི་ཁེ་ལས་ཁང་ལ་དབྱིན་སྒོར་ས་ཡ ༧༧ ལྷག་སྤྲད་ཚར་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡ ཉིན་ཉིང་ཁྲིན་ཡེན་གྱིས་ཧོང་ཀོང་སྤྱི་ཁྱབ་དཔོན་གྱི་ལས་འཁུར་ཞུས་ཡོད་པ་དང་། ཁེ་ལས་ཁང་གཉིས་ཀྱི་གསང་བའི་གན་རྒྱའི་ནང་ལྐོག་རྔན་ཧོང་ཀོང་སྒོར་ས་ཡ་ ༥༠ སྤྲོད་པའི་དུས་ཚོད་དེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ དང་ ༢༠༡༣ ཟླ་ ༡༢ ཡིན་སྟབས། ཉིང་ཁྲིན་ཡེན་གྱིས་སྤྱི་ཁྱབ་དཔོན་གྱི་ལས་འཁུར་མ་ཞུས་གོང་དང་ཞུས་རྗེས་ཀྱང་གསང་བའི་གན་རྒྱ་དེ་མཇུག་སྐྱོང་བྱས་ཡོད་པ་ཞིག་ཆགས་ཡོད་པ་རེད། ཡིན་ནའང་།  ཉིང་ཁྲིན་ཡེན་གྱིས་སྒོར་མོ་བླངས་བ་དེ་ཁོ་རང་ཧོང་ཀོང་སྤྱི་ཁྱབ་དཔོོན་པོ་མ་ཆགས་གོང་གི་གནས་ཚུལ་ཞིག་ཡིན་པས་ཞིབ་ཕྲ་ཞུ་དགོས་དོན་མེད་སྐོར་ལན་འདེབས་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༢༣

Leave a Reply