ཧོང་ཀོང་སྤྱི་ཁྱབ་ཟུར་བར་ཁྲིམས་ཐག་བཅད་འདུག

ཧོང་ཀོང་གྲོང་ཁྱེར་ཆེས་མཐོའི་ཁྲིམས་ཁང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་ཌོ་ནལ་ཌི་ཚཱང་ (Donald Tsang) ལ་ཟླ་ ༢༠ ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་ཡོད་འདུག

དེ་རིང་ཁྲིམས་དཔོན་ཁྲན་ཧིང་ཝེ་ (Chan Hing-wai) ཡིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་སྐུ་ཞབས་ཚང་ལ་ཟླ་ ༣༠ ཁྲིམས་ཐག་བཅད་ཡོད་ནའང་། དེ་སྔོན་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འགན་འཁུར་ཡུན་རིང་སྐུ་ཞབས་ཚཱང་གི་གཤིས་རྒྱུད་ཡག་པོ་ཡོད་པ་དང་སྤྱི་ཚོགས་ལ་ཞབས་ཞུ་ཡག་པོ་བསྒྲུབས་ཡོད་པར་གཞིགས་ཏེ་ཟླ་ ༡༠ ཆག་ཡངས་བཏང་ཡོད་འདུག ཁྲིམས་དཔོན་གྱིས་སྐུ་ཞབས་ཌོ་ནལ་ཌི་ཡི་ཁྲིམས་རྩོད་པས་ཡང་བསྐྱར་ཁྲིམས་ཞིབ་བྱེད་དགོས་པའི་ཞུ་གཏུགས་ལ་ངོས་ལེན་བྱས་མི་འདུག

སྐུ་ཞབས་ཌོ་ནལ་ཌི་ཚཱང་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་དབྱིན་ཇིའི་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་རྗེས་ཀྱི་ཧོང་ཀོང་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐབས་གཉིས་པ་ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༢༡ ནས་ ༢༠༡༢ ཟླ་ ༧ ཚེས་ ༣༠ ཉིན་བར་བསྡད་ཡོད་པ་དང་ཁོང་ད་ལྟ་རང་ལོ་ ༧༢ ཡིན་འདུག

སྐུ་ཞབས་ཚཱང་གི་ལས་ཡུན་མཇུག་རྫོགས་པ་དང་བསྟུན་ཏེ་ཧོང་ཀོང་སྤྱི་ཚོགས་ནང་ཁོས་ཀློག་ཟ་རུལ་སུངས་བྱས་ཡོད་པའི་གླེང་སློང་ཞིག་བྱུང་ཡོད་པ་དང་། རྗེས་སུ་ཧོང་ཀོང་གྲོང་ཁྱེར་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་དེ་ཁོས་དབང་ཆ་སྒེར་སྤྱོད་དང་ལྐོག་ཟ་རུལ་སུངས་འོག་རྒྱ་ནག་ནང་རྒྱས་སྤྲོས་ཆེ་བའི་ཐོག་རྩེག་ཁང་ཞིག་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

ཁོང་ནི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་ཁྲིམས་བཤེར་བྱས་པའི་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ཐོག་མ་དེ་ཆགས་ཡོད་ཅིང་། སྐུ་ཞབས་ཚཱང་གི་ཁྲིམས་རྩོད་པས་ཁོའི་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་བཤེར་ལ་ངོས་ལེན་མེད་སྐོར་བརྗོད་འདུག

སྨན་ཁང་དུ་བསྐྱལ་བ།

དེ་རིང་གཟའ་ལྷག་པའི་ཉིན་སྐུ་ཞབས་ཚཱང་བདེ་འཇགས་ལྟ་རྟོག་ལྟེ་གནས་ཁང་ (LCKRC) ནས་ཆེས་མཐོའི་ཁྲིམས་ཁང་དུ་མངགས་གཏོང་བྱས་ཡོད་ཅིང་། ཁོས་རང་ཉིད་ལ་སྙུང་གཞི་ཕོགས་ཡོད་ཚུལ་བཤད་དེ། ལྟེ་གནས་ཁང་དུ་མ་བསླེབས་སྔོན་གྱི་ཞག་མ་གཉིས་རིང་ཁོ་ (Queen Elizabeth Hospital) སྨན་ཁང་དུ་སྡོད་དགོས་བྱུང་ཡོད། ཆེས་མཐོའི་ཁྲིམས་ཁང་གིས་སྐུ་ཞབས་ཚཱང་ལ་ཁྲིམས་ཐག་གཅོད་སྐབས། ཁོའི་བཟའ་ཟླ་དང་བུ་ཕྲུག ཉེ་འབྲེལ་ཚོ་ཁྲིམས་ཁང་དུ་ཡོད་ལ། ཁོའི་བཟའ་ཟླ་ཁྲིམས་ཁང་ནང་སེམས་སྡུག་གིས་ངུ་བཞིན་འདུག

རྒྱས་སྤྲོས་ཐོག་རྩག་ཁང་།

ཁྲིམས་རྩོད་པ་དགུ་ལས་གྲུབ་པའི་ཉེས་དོན་ཞིབ་བཤེར་ཚོགས་ཆུང་གིས་གཟའ་པ་སངས་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༡ སྟེང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་སྐུ་ཞབས་ཚཱང་གི་ནག་ཉེས་ར་སྤྲོད་བྱས་ཡོད་ཅིང་། སྐུ་ཞབས་ཚང་གི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ར་སྤྲོད་བྱུང་ཡོད་སྟབས། བཤེར་དཔང་ལྷན་ཚོགས་ནས་སྐུ་ཞབས་ཚཱང་གི་ནག་ཉེས་ཞིབ་བཤེར་ཐེངས་གསུམ་པ་བྱེད་པའི་འཆར་གཞི་མེད།

གཟའ་ཟླ་བའི་ཉིན་སྐུ་ཞབས་ཚཱང་གི་ཁྲིམས་རྩོད་པས་ཞུ་གཏུགས་ཡི་གེ་ ༤༠ ལྷག་ཁྲིམས་ཁང་དུ་ཕུལ་ཡོད་པ་དང་། ཞུ་གཏུགས་ཡི་གེ་དེ་དག་ལས་སྐུ་ཞབས་ཚཱང་གི་སྤྱི་ཁྱབ་དྲུང་ཟུར་ཁྲན་ (Anson Chan) ལགས་ཀྱི་ཞུ་ཡིག་ནང་། “སྐུ་ཞབས་ཚཱང་གི་ཁྲིམས་ཞིབ་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། འདས་པའི་ལོ་ངོ་དེ་དག་རིང་། ང་ཚོ་ཚང་མ་བློས་ཐུབ་གྲོགས་པོ་དང་ལས་གྲོགས་ཡིན། སྐུ་ཞབས་ཚཱང་གིས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ་ཞིག་ངས་མཐོང་མྱོང་མེད” ཅེས་བྲིས་ཡོད་འདུག

ཀོང་ཧོང་གྲོང་ཁྱེར་གྱི་ལྐོག་ཟ་རུལ་སུངས་ཀྱི་ཉེས་ཁྲིམས་ནང་། ལྐོག་ཟ་རུལ་སུངས་པར་ཉུང་མཐར་ཡང་ལོ་ ༧ གྱི་ཁྲིམས་ཐག་གཏན་འབེབས་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply