ཧོང་ཀོང་སྤྱི་ཁྱབ་འོས་བསྡུ།

སི་ཨན་ཨན་གསར་ཁང་གིས་སྤེལ་བའི་གནས་ཚུལ།  ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཧོང་ཀོང་སྤྱི་ཁྱབ་ཀྱི་མཐའ་མའི་འོས་བསྡུའི་ཉིན་མོ་ཡིན་པ་དང་། ད་ལྟ་ཧོང་ཀོང་སྤྱི་ཁྱབ་འོས་མི་གསུམ་ཀྱི་ཁྲོད་ནས་སྐུ་ཞབས་ཇཱོན་ཚཱང་ (John Tsang)ལགས་དང་། ལྕམ་ཀེར་ལཱམ་ (Carrier Lam)ལགས་གཉིས་འོས་གྲངས་མཐོ་ཤོས་ཆགས་ཏེ། ཧོང་ཀོང་སྤྱི་ཁྱབ་གྱི་གོ་གནས་འཐོབ་རྒྱུར་རེ་བ་ཆེན་པོ་ཆགས་ཡོད།

ཧོང་ཀོང་བཱན་ཊི་ (Wan Chai) གྲོང་ཁྱེར་སྲང་ལམ་ཡོངས་བྲེལ་ཟིང་ཆེ་བའི་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་།  དེའི་ཁྲོད་ཧོང་ཀོང་སྤྱི་ཁྱབ་འོས་མི་ཇཱོན་ཚཱང་ལགས་སུ་མི་མང་གིས་གུས་བཀུར་དང་ཕེབས་བསུ་ཟབ་རྒྱས་ཞུ་བཞིན་ཡོད།

མི་མང་ཚོས་གཅིག་རྗེས་གཉིས་མཐུད་དུ་སྐྲ་དང་ཁ་སྤུ་མཐུག་པའི་དཔལ་འབྱོར་དྲུང་ཡིག་ཇཱོན་ཚཱང་ལགས་དང་ལྷན་དུ་པར་རྒྱག་པ་སོགས་དགའ་མོས་ཀྱི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་སྟབས། ཁོས་དེ་སྔ་ཧོང་ཀོང་དཔལ་འབྱོར་གོང་འཕེལ་ཐད་ནོར་འཁྲུལ་ཐེངས་འགར་བྱས་ཡོད་མེད་ལ་མ་ལྟོས་པར། ད་ལྟ་གློ་བུར་དུ་ཚང་མའི་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད

སྐུ་ཞབས་ཇཱོན་ཚཱང་ལགས་ཀྱིས། “ང་ས་ཕྱོགས་གང་དུ་སོང་ཡང་། ཧོང་ཀོང་མི་མང་གིས་སྣེ་ལེན་ཡག་པོ་དང་། ཕན་ཚུན་ངོ་མི་ཤེས་ཀྱང་གྲོགས་པོའི་འདུ་ཤེས་བཟུང་སྟེ་བརྩི་བཀུར་བྱེད་ཀྱིན་འདུག་” ཅེས་སི་ཨན་ཨན་གསར་ཁང་ལ་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་གསར་ཁང་ལྟར་ན། ཐེངས་འདིའི་འོས་བསྡུའི་ཁྲོད་སྐུ་ཞབས་ཇཱོན་ཚང་ལགས་སུ། དེ་སྔའི་འོས་གྲངས་ཀྱི་སྟེང་ལ་སླར་ཡང་འོས་གྲངས་ ༡༤ འཐོབ་པ་ཡིན་ན་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཅེས་བཀོད་འདུག

མདུན་ཕྲག་སྔོན་མའི་བརྙན་འཕྲིན་བགྲོ་གླེང་ཞིག་གི་སྟེང་།  ཧོང་ཀོང་སྤྱི་ཁྱབ་འོས་མི་ལྕམ་ཀེར་ལཱམ་ལགས་ཀྱིས་མི་མང་གི་བསམ་ཚུལ་གལ་ཆེན་ཡིན་པའི་སྐོར་ནས་བརྗོད་དོན། “ངས་ཧོང་ཀོང་མི་མང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཀྱིན་ཡོད། གལ་སྲིད་མི་མང་གི་བསམ་ཚུལ་ངའི་བསམ་ཚུལ་དང་ཐ་དད་ཡིན་ཚེ། ངས་ཧོང་ཀོང་མི་མང་གི་བསམ་ཚུལ་ལ་ངོས་ལེན་གཙང་མ་བྱེད་རྒྱུ་ཡིན་”ཞེས་དང་། “གལ་སྲིད་ཧོང་ཀོང་མི་མང་གིས་ང་སྤྱི་ཁྱབ་བྱས་ན་འོས་འཚམས་མིན་པར་གཟིགས་ཚེ་ངས་རྩ་དགོངས་ཞུ་ཆོག་” ཅེས་བརྗོད་ཡོད།

ལྕམ་ཀེར་ལཱམ་གྱིས། གཞུང་ཞིག་གི་མི་མང་གིས་གཞུང་དེའི་མགོ་ཁྲིད་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ན། གཞུང་དེའི་འགན་འཁུར་རྒྱུ་ནི་འགན་འཁྲི་ལྗིད་མོ་ཞིག་ཡིན་པའི་སྐོར་སི་ཨན་ཨན་གསར་ཁང་དུ་བརྗོད་སོང་ཟེར།

ལྕམ་ཀེར་ལཱམ་གྱིས་དེ་སྔ་ཧོང་ཀོང་སྤྱི་ཁྱབ་ལཱིན་ཊེན་ (CY Leung) ལགས་ཀྱི་ལག་འོག་ཏུ་སྤྱི་ཁྱབ་གཞོན་པའི་འགན་འཁུར་མྱོང་ཤིང་། ད་ལྟ་སྐུ་ཞབས་ལཱིན་ཊེན་ཧོང་ཀོང་མི་མང་གི་མིག་ནང་གི་འཚེར་མར་གྱུར་ཡོད། སྐུ་ཞབས་ལཱིན་ཊེན་ ༢༠༡༢ ལོར་ཧོང་ཀོང་སྤྱི་ཁྱབ་ལས་ཁུངས་སུ་བསྡད་པ་ནས་ད་བར་མི་མང་གིས་ཁོ་ལ་བཟུང་བའི་ལྟ་སྟངས་ལ་ཁྱད་པར་ཆེན་པོ་ཕྱིན་ཡོད། ཧོང་ཀོང་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་ལྟར་ན། ༢༠༡༢ ལོར་ལཱིན་ཊེན་ལ་དགའ་མོས་བྱེད་མཁན་བརྒྱ་ཆ་ ༥༦་༥ ཡོད་པ་དང་། ད་ལོར་དགའ་མོས་བྱེད་མཁན་བརྒྱ་ཆ་ ༣༥ ཙམ་ལ་མར་ཟེགས་ཡོད་ཅེས་བཀོད་འདུག

ལྕམ་ཀེར་ལཱམ་ལགས་སུ་ལཱིན་ཊེན་གྱི་ཤུགས་རྐྱེན་ཐེབས་ཡོད་པའི་སྐོར་ནས་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད། ལཱིན་ཊེན་ ༢༠༡༢ ལོར་འོས་བསྡུའི་རྒྱལ་ཁ་བསམ་ཡུལ་ལས་འདས་བ་ཞིག་ཐོབ་ཡོད། སྐབས་དེར་ཁོས་རང་ཉིད་ཀྱི་ཁ་གཏད་སྐུ་ཞབས་ཧན་རེ་ཏཱང་ (Henry Tang) ལགས་ཀྱིས་ཆོག་མཆན་མེད་པར་ཁང་བརྩེགས་ཤིག་གི་རྨང་གཞི་བཏིང་ཡོད་པའི་སྐྱོན་བརྗོད་བྱས་ཏེ་རང་རྒྱལ་གཞན་ཕམ་གྱི་གཡོ་ཇུས་འཐེན་པ་ལེགས་འགྲུབ་བྱུང་ཡོད།

སྐབས་དེར་ཁོ་ལ་འོས་གྲངས་ ༦༨༩ ཐོབ་སྟེ་ཧོང་ཀོང་སྤྱི་ཁྱབ་ཆགས་ཡོད་ཀྱང་། ཕྱིས་སུ་ལཱིན་ཊེན་ཁོ་རང་གིས་ཀྱང་ཆོག་མཆན་མེད་པར་ཁང་པ་བརྒྱབ་ཡོད་པའི་གནས་ཚུལ་ཁྱབ་པས། མི་མང་གིས་ཁོའི་མཚང་མིང་ལ་ ༦༨༩ ཞེས་ཟུར་ཟ་བྱས་ཡོད།

དེ་བཞིན། ལྕམ་ཀེར་ལཱམ་ལགས་ཀྱིས་ཀྱང་སྐད་ཆ་སྙན་པོ་ཙམ་བཤད་དེ་བསྡད་ཡོད་པར་རྒྱུ་མཚན་ཆེན་པོ་ཡོད། མོས་རང་གི་གྲོས་ཚོགས་འཐུས་མི་ཚོར་གྲོས་བསྡུར་མ་བྱས་བར་ཧོང་ཀོང་ནང་རྒྱ་ནག་གནམ་སྡེ་སྒོ་མོ་ཆེ་ལྟ་བུའི་འགྲེམ་སྟོན་ཁང་ཆེན་པོ་ཞིག་རྒྱག་རྒྱུར་ཆོག་མཆན་མཚན་རྟགས་བཀོད་པ་སྦེད་ཐབས་བྱེད་ཀྱིན་ཡོད།

གཞི་རྒྱ་ཆེ་བའི་འགྲེམ་སྟོན་ཁང་དེའི་ལས་གཞིར་ ༡༩༨༩ ལོའི་ཟླ་ ༦ ཕྱི་ཚེས་ ༤ ཉིན་གྱི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དང་འབྲེལ་ཏེ་ཁོ་མོར་ངོ་རྒོལ་དང་སྐྱོན་བརྗོད་མང་པོ་ཡོང་གི་ཡོད།

ཕྱོགས་གཞན་ཞིག་ནས་ལྕམ་ཀེར་ལཱམ་གྱིས་མི་སེར་དཀྱུས་མ་དང་གྲོང་གསེབ་ཀྱི་མི་མང་ལ་སྣང་མེད་དུ་གཏོང་གི་ཡོད་པའི་ལབ་གླེང་ཞིག་ཀྱང་ཡོད། དེ་སྔ་ཉིན་ཞིག་ལྕམ་ཀེར་ལཱམ་ལགས་གྲོང་ཁྱེར་མཐའ་མཚམས་ཤིག་ཏུ་ཡུལ་སྐོར་དུ་ཕེབས་སྐབས། མོས་སྐས་གདང་བེད་སྤྱོད་གཏོང་མི་ཤེས་བ་དང་། ད་དུང་རང་ཉིད་ཀྱི་འདུག་སའི་འཁྲུས་ཁང་དུ་གཙང་ཤོག་མི་འདུག་ཅེས་སྡོད་གནས་སྤོར་དགོས་ཚུལ་བཤད་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་སྟབས། ཕྱིས་སུ་མོ་རང་གིས་མི་མང་དང་ཐད་ཀར་དྲི་བ་དྲིས་ལན་གྱི་གོ་སྐབས་སྤྲོད་ཀྱི་མེད།

སྐུ་ཞབས་ཇཱོན་ཚཱང་ལགས་ནི་ཕལ་ཆེ་མི་ཚེ་ཧྲིལ་བོར་གཞུང་གི་སྲིད་ཞུ་སྒྲུབ་མཁན་ཞིག་དང་། ཁོ་རྒྱ་ནག་གི་མགོ་ཁྲིད་རྒན་པ་མང་པོར་ཐུག་འཕྲད་བྱས་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་སྲོག་ཤིང་ཏུ་གྱུར་བའི་སྲིད་འཛིན་ཞི་ཅིན་ཕིན་ལའང་འཇལ་འཕྲད་བྱས་ཡོད། འོན་ཀྱང་། སྐུ་ཞབས་ཁོང་ལ་དམངས་གཙོ་མཐུན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། ཁོས་ཧོང་ཀོང་སྤྱི་ཁྱབ་གསར་བས་ཁྲིམས་གཞི་བཅོས་སྒྱུར་གཏོང་དགོས་སྐོར་བརྗོད་ཡོད།

སྐུ་ཞབས་ཇཱོན་ཚཱང་གིས། “ཧོང་ཀོང་མི་མང་གིས་རང་ཉིད་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་སའི་སྤྱི་ཁྱབ་ཞིག་འདེམས་རྒྱུ་ནི་ཧ་ཅང་གལ་ཆེན་རེད། ང་ཚོ་ཚང་མར་འགྲོ་བ་མིའི་ཡོངས་ཁྱབ་འོས་བསྡུའི་ཐོབ་ཐང་དགོས་བ་དང་། མ་འོངས་པའི་ཧོང་ཀོང་སྤྱི་ཁྱབ་ལ་མཚོན་ན་འདི་ནི་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ཆགས་ཡོད། རྒྱུ་མཚན་ནི་ང་ཚོའི་སུ་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཀྱང་། ང་ཚོ་མི་མང་གི་མདུན་དུ་འོས་འགྲན་བྱས་ཏེ་འདིར་བསླེབས་ཡོད་པ་ལས་འོས་བསྡུའི་དཀྱིལ་འཁོར་ཆུང་ཆུང་ཞིག་ནས་ཡོང་བ་མ་རེད།” ཅེས་རང་ཉིད་ཀྱི་མ་འོངས་པའི་ཆབ་སྲིད་བཅོས་སྒྱུར་གྱི་ལངས་ཕྱོགས་བསྒྲགས་ཡོད།

ལྕམ་ཀེར་ལཱམ་གྱིས་མ་འོངས་པའི་རང་ཉིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་བཅོས་སྒྱུར་སོགས་ཀྱི་དྲི་བར་ལན་འདེབས་གང་ཡང་བྱས་མེད།

གཟའ་ཉི་མའི་ཉིན། ལྕམ་ཀེར་ལཱམ་ལགས་སུ་འོས་བསྡུའི་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། ཧོང་ཀོང་སྤྱི་ཁྱབ་འོས་མི་ཚོས་ཕན་ཚུན་བར་འགྲན་བསྡུར་དང་མི་མང་མདུན་བགྲོ་གླེང་། ད་དུང་སྲང་ལམ་ཡོངས་སུ་ཁྱབ་བསྒྲགས་ཀྱི་གད་སྙིགས་གང་ཡང་མི་མང་ཆེ་བར་འོས་བསྡུའི་ཐོབ་ཐང་མེད། དེ་ནི་ད་ལོར་ཧོང་ཀོང་སྤྱི་ཁྱབ་འོས་འདེམ་བྱེད་མཁན་གྱི་འོས་བསྡུ་ལྷན་ཚོགས་ལ་ཚོགས་མི་ ༡༡༩༤ ཡོད་པ་དང་། ཧོང་ཀོང་སྤྱི་ཁྱབ་ལ་འོས་ལྡུག་མཁན་ཁོ་ཚོ་ཁོ་ན་ཡིན། ལྷན་ཚོགས་དེས་ཧོང་ཀོང་མི་འབོར་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༠་༠༡ ཙམ་ལས་ཟིན་མེད། འོས་བསྡུ་ལྷན་ཚོགས་དེ་ཚོགས་སྡེ་འདྲ་མིན་གྱི་འཐུས་མི་ལས་གྲུབ་པའི་ལྷན་ཚོགས་ཤིག་ཡིན་པ་དང་། ལྷན་ཚོགས་དེས་གཟའ་ཉི་མའི་ཉིན་ཧོང་ཀོང་སྤྱི་ཁྱབ་འདེམ་གྱིན་ཡོད་ལ། ལྷན་ཚོགས་དེ་ཧོང་ཀོང་གི་མ་འོངས་པ་ཐག་གཅོད་བྱེད་མཁན་དེའང་ཡིན།

འོས་བསྡུ་ལྷན་ཚོགས་དེ་པེ་ཅིན་མཐུན་ཕྱོགས་ཀྱིས་དབང་བསྒྱུར་བྱས་ཡོད་སྟབས། དམངས་གཙོ་མཐུན་ཕྱོགས་ཀྱིས་ ༢༠༡༤  ལོར་ཆར་གདུགས་གསར་བརྗེའི་ལས་འགུལ་སྤེལ་ཏེ། འོས་བསྡུ་ལྷན་ཚོགས་དེའི་ངོ་བོར་བཅོས་བསྒྱུར་གཏོང་དགོས་པ་དང་། ཧོང་ཀོང་མི་མང་ལ་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་སྤྲོད་དགོས་པའི་སྐད་འབོད་བརྒྱབ་ཡོད།

ཆར་གདུགས་གསར་བརྗེའི་ལས་འགུལ་སྣེ་འཁྲིད་མཁན་སློབ་ཕྲུག་ཅཱོ་ཧྲོ་བཱོན་(Joshua wong) ལགས་ཀྱིས་ད་ལྟ་ང་ཚོས་ཧོང་ཀོང་སྤྱི་ཁྱབ་གསར་བའི་འོས་བསྡུ་ལ་ངོ་རྒོལ་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡོད། སུ་ཞིག་ཧོང་ཀོང་སྤྱི་ཁྱབ་གསར་བ་ཆགས་ན་མི་དེས་ཆར་གདུགས་གསར་བརྗེའི་ལས་འགུལ་ལ་གདོང་ལེན་བྱེད་དགོས་ཆགས་ངེས་ཞེས་བརྗོད་འདུག

འབྱུང་འགྱུར་ཕྱི་ཟླ་བདུན་པའི་ཕྱི་ཚེས་  ༡ ཉིན་ནི། ཧོང་ཀོང་དབྱིན་ཇུ་གཞུང་གིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོ་དང་། ཧོང་ཀོང་སྤྱི་ཁྱབ་གསར་བས་ལས་འགན་འཁུར་བའི་ཉིན་མོ་དུས་མཉམ་འཁེལ་ཡོད་སྟབས། ད་ལྟ་ནས་ཧོང་ཀོང་གྲོང་ཁྱེར་ནང་ཉེན་རྟོག་པ་མང་པོ་འགྲེམ་འཇོག་བྱས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཛད་སྒོ་དེར་ཕེབས་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། སྐབས་དེར་བཱོན་དང་རོགས་པ་མང་པོ་ཞིག་གིས་ངོ་རྒོལ་ལས་འགུལ་ཆེན་པོ་ཞིག་སྤེལ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

བཱོན་གྱིས། ང་ཚོའི་འཐབ་རྩོད་ད་དུང་མཇུག་རྫོགས་མེད།  ང་ཚོས་འོས་ལྡུག་ཆོག་པའི་ཐོབ་ཐང་མི་མཐུད་ནས་རྩོད་རྒྱུ་ཡིན་ཞེས་བརྗོད་ཡོད།

 

བསྐྱར་བཅོས།: ༢༠༡༧/༠༣/༢༦

Leave a Reply

One thought on “ཧོང་ཀོང་སྤྱི་ཁྱབ་འོས་བསྡུ།

  1. ཧོང་ཀོང་ལ་མི་འབོར་ས་ཡ་བདུན་དང་ཕྱེད་ལྷག་ཡོད་པ་རེད། དེའི་ཁྲོད་འོས་བསྡུའི་ཐོབ་ཐང་ཡོད་མཁན་མི་ ༡༡༩༤ ལས་མེད་པ་འདི་དམངས་གཙོ་རེད་དམ། རྒྱ་ནག་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཟེར་བ་དེ་རེད།