ཧོང་ཀོང་སྤྱི་ཁྱབ་རྒྱ་ནག་གི་སྲིད་གྲོས་ཚོགས་གཞོན་དུ་བསྐོས།

ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ལས་ཐོག་ལུང་ཁྲུན་ཡེན་གྱིས་ཁོ་རང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་ཡུན་ཚང་རྗེས། ཁོས་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པའི་འགན་འཁུར་ཏེ། སྐམ་ས་ཆེན་མོ་དང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གཉིས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར།

གཟའ་ཉི་མའི་ཉིན་པེ་ཅིན་གཞུང་གིས་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ལུང་ཁྲུན་ཡེན་ (Leung Chun-ying) རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་ (CPPCC) ཀྱི་ཚོགས་གཙོ་གཞོན་པར་བསྐོས་ཡོད་པ་དང་། སྐབས་དེར་ལུང་ཁྲུན་ཡེན་གྱིས་འཆར་ཟླ་ ༧ པའི་ནང་ཁོ་རང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་སྲིད་སྟེགས་ལས་བབ་རྗེས། ཁོས་རང་ནང་མི་དང་ལྷན་དུ་རྒྱ་ནག་སྲིད་གྲོས་ཀྱི་ལས་དོན་གསར་བ་འཁུར་རྒྱུ་ཡིན་ལུགས་བཤད་འདུག

ཁ་སང་གཟའ་ཟླ་བའི་ཉིན་ལུང་ཁྲུན་ཡེན་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་ཡོད་པ་དང་། དེ་ནི་ཁོས་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་དང་རྒྱ་ནག་སྲིད་གྲོས་ཀྱི་གོ་དབང་གཉིས་མཉམ་དུ་ཁུར་བ་ཐེངས་དང་པོ་དེ་ཆགས་ཡོད་འདུག

ན་ནིང་ཕྱི་ཟླ་ ༡༢ པའི་ནང་ལུང་ཁྲུན་ཡེན་གྱིས་ཁོ་རང་གི་ནང་མིར་བདག་སྐྱོང་བྱ་ཆེད། ཁོ་རང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་མིན་ལུགས་བཤད་ཡོད་ཀྱང་། ཁ་སང་པེ་ཅིན་གཞུང་གིས་ཁོ་རང་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་བཞག་བྱས་རྗེས། གསར་འགོད་པས་ལུང་ཁྲུན་ཡེན་ལ། ཁྱེད་ཀྱིས་ནང་མི་ལྷན་འཛོམས་ཀྱི་འཚོ་བ་མི་རོལ་བར། ཆུ་ཚོད་མང་པོ་སྲིད་གྲོས་ཀྱི་ལས་དོན་ཐོག་གཏོང་དོན་ག་རེ་ཡིན། ཞེས་དོགས་འདྲི་བྱས་སྐབས། ལུང་ཁྲུན་ཡེན་གྱིས་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་འགན་ཧ་ཅང་ལྕི་མོ་ཡིན་ལུགས་བཤད་ཡོད་འདུག

ཁ་སང་ཉིན་རྒྱབ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ལུང་ཁྲུན་ཡེན་གྱིས་གསར་འགོད་པར་ “ངས་ནང་མིར་བདག་སྐྱོང་བྱེད་དགོས་པ་དང་། གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་དོན་སྒྲུབ་དགོས། ད་དུང་ཐེངས་འདིའི་འོས་བསྡུའི་ནང་མཉམ་ཞུགས་བྱེད་དགོས་སྟབས། ལས་ཀ་གསུམ་མཉམ་དུ་བསྒྲུབ་རྒྱུ་ཧ་ཅང་ཁག་པོ་རེད” ཅེས་དང་། “འཆར་ཟླ་ ༧ ཚེས་ ༡ ཉིན་ངའི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འགན་རྩིས་སྤྲད་རྗེས། ངས་རང་ཉིད་ཀྱི་ཁྱིམ་མིར་བདག་སྐྱོང་བྱ་རྒྱུ་དང་། སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པའི་ལས་འགན་འཁུར་རྒྱུ་ཡིན། ལས་དོན་དེ་གཉིས་བསྒྲུབ་པར་དཀའ་རྙོག་ཡོད་པ་མ་རེད། ངས་ལས་དོན་དེ་གཉིས་ལས་སླ་པོར་བསྒྲུབ་ཐུབ་” ཅེས་སོགས་བཤད་ཡོད་འདུག

༢༠༡༢ ལོར་ལུང་ཁྲུན་ཡེན་གྱིས་ཀོང་ཧོང་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འགན་མ་ཁུར་སྔོན་ཏག་ཏག་ལ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་གྱི་ཚོགས་མིའི་ཁོངས་ནས་དགོངས་ཞུ་བྱས་ཡོད་འདུག

ཡིན་ནའང་ཐེངས་འདིར་ཁོས་གྲོང་ཁྱེར་སྤྱི་ཁྱབ་དང་སྲིད་གྲོས་ཚོགས་གཞོན་གཉིས་ཀྱི་འགན་གཅིག་ལྕོགས་སུ་འཁུར་རྒྱུ་ཡིན་ལུགས་བཤད་ཡོད་པ་དང་། ཁོས་ད་ཆར་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འགན་འཁུར་ཡོད་པ་མ་ཟད། ཁོ་རང་གྲོང་ཁྱེར་སྤྱི་ཁྱབ་འོས་བསྡུའི་ནང་དུའང་མཉམ་ཞུགས་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ཁོས་རྒྱ་ནག་གྲོས་སྲིད་ཚོགས་གཞོན་གྱི་འགན་དེ་གནས་སྐབས་རིང་ཕྱིར་འཐེན་བྱེད་རྒྱུ་ཡིན་ལུགས་སོགས་བཤད་མེད་པ་རེད།

ཕམ་ཁར་རྒྱལ་ཁའི་གཟེངས་རྟགས་སྤྲད།

ཆབ་སྲིད་དཔྱད་ཞིབ་པ་ཚོས་ལུང་ཁྲུན་ཡེན་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཞོན་དུ་བསྐོ་བཞག་བྱས་པ་དེ་ནི། ལུང་ཁྲུན་ཡེན་གྱིས་ཁོ་རང་ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་འོས་མིར་མི་ལངས་ཞེས་པེ་ཅིན་གཞུང་ལ་མོས་མཐུན་བྱས་ཡོད་སྟབས། པེ་ཅིན་གཞུང་གིས་ཁོའི་ཕམ་ཁ་དེ་ལ་རྒྱལ་ཁའི་གཟེངས་རྟགས་སྤྲད་པ་ཞིག་ཡིན་པའི་བསམ་ཚུལ་བཏོན་འདུག་ལ། བསམ་ཚུལ་དེ་ནི་ཧོང་ཀོང་མི་མང་གིས་གྲོང་ཁྱེར་སྤྱི་ཁྱབ་ལས་ཐོག་ལུང་ཁྲུན་ཡེན་ལ་དགའ་མོས་མི་བྱེད་པ་མ་ཟད། ཐ་ན་པེ་ཅིན་གཞུང་གི་སྟངས་འཛིན་ནན་མོའི་འོག་ཚོགས་མི་ ༡༡༩༤ གྲུབ་པའི་ཧོང་ཀོང་འོས་བསྡུའི་ཚོགས་ཆུང་ནང་དུའང་ལུང་ཁྲུན་ཡེན་ལ་དགོས་ངེས་ཀྱི་འོས་གྲངས་ཐོབ་མེད་པར་གཞིགས་ཏེ་བཤད་པ་ཞིག་ཡིན་འདུག

ལུང་ཁྲུན་ཡེན་རྒྱ་ནག་སྲིད་གྲོས་ཚོགས་གཞོན་དུ་བསྐོ་བཞག་བྱས་རྗེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལུང་ཁྲུན་ཡེན་ལ་ལག་འཇུ་བྱས་ཏེ་སྐར་མ་ ༤༠ རིང་གཏམ་གླེང་བྱས་ཡོད་པ་དང་། དེའི་རྗེས་སྲིད་བློན་ལེ་ཁི་ཆང་གཙོས་པའི་རྒྱ་ནག་སྲིད་གྲོས་ཀྱི་དཔོན་རིགས་ཚོས་ཀྱང་ལུང་ཁྲུན་ཡེན་ལ་ལག་འཇུ་བྱས་ཡོད་པ་རེད།

ལུང་ཁྲུན་ཡེན་གྱིས་ཞི་ཅིན་ཕིན་ནས་ཁོ་ལ་མུ་མཐུད་རྒྱ་ནག་དང་ཧོང་ཀོང་གཞུང་གཉིས་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་འདེད་བཏང་ཡོད་ལུགས་བཤད་འདུག

ལུང་ཁྲུན་ཡེན་རྒྱ་ནག་སྲིད་གྲོས་ཚོགས་གཞོན་ལ་འདེམས་སྐབས། ཚོགས་མི་ ༢༡༠༡ གྲས་ནས་ཁོ་ལ་ཁ་གཏོད་གཅོག་མཁན་ ༡༣ དང་བཀག་སྡོམ་བྱེད་མཁན་ ༡༦ བྱུང་ཡོད་འདུག གསར་འགོད་པས་ལུང་ཁྲུན་ཡེན་ལ་ཚོགས་མི་དེ་ཚོས་ཁོ་རང་ལ་ངོ་རྒོལ་དང་བཀག་འགོག་བྱེད་དོན་གཙོ་བོ་དེ། ཁོ་རང་གི་ཚོང་གཉེར་ཁང་ (UGL) གི་རྩོད་རྙོག་དང་འབྲེལ་བ་ཡོད་མེད་དྲིས་སྐབས། ལུང་ཁྲུན་ཡེན་གྱིས་ “དེ་ངས་མི་ཤེས། གལ་ཏེ་ཁྱེད་རང་ཚོས་ཤེས་ན། ང་ལ་བཤད་རོགས” ཞེས་དྲིས་ལན་གཡོལ་ནས་བཏབས་ཡོད་འདུག

འབྲེལ་ལམ།

ལུང་ཁྲུན་ཡེན་ད་དུང་རྒྱ་ནག་གི་མགོ་ཁྲིད་ཀྲང་ཏི་ཅང་ (Zhang Dejiang) ལ་ཐུག་འཕྲད་བྱས་ཏེ། རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་གྲོང་ཁྱེར་གཉིས་བར་གྱི་མེ་འཁོར་ས་ཚིགས་ཁག་ཟླ་བསྒྲིལ་ (West Kowloon Express Rail Lin) གཏོང་རྒྱུའི་ཐད་གྲོས་ཆོད་འཇོག་རྒྱུ་བྱས་ཡོད་འདུག

མེ་འཁོར་ས་ཚིགས་ཁག་ཟླ་བསྒྲིལ་གཏོང་བའི་ལས་གཞི་དེ་སྐམ་ས་ཆེན་མོའི་དཔོན་རིགས་ཚོས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞུང་ལ་བཏང་བའི་བཀའ་རྒྱ་ཞིག་ཡིན་འདུག

ལུང་ཁྲུན་ཡེན་གྱིས་ཕྱོགས་གཉིས་བར་གྱི་མེ་འཁོར་ས་ཚིགས་ཁག་ཟླ་བསྒྲིལ་གཏོང་རྒྱུའི་གྲོས་གཞི་དེར་ད་སྔ་གསལ་ཁ་བྱུང་མེད་ཀྱང་། ཕྱོགས་གཉིས་བར་མེ་འཁོར་ས་ཚིགས་ཁག་ཟླ་བསྒྲིལ་བཏང་སྟེ། “སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ”གཏོང་རྒྱུར་མོས་མཐུན་བྱུང་ཡོད་ཚུལ་སོགས་བཤད་ཡོད་འདུག

ལུང་ཁྲུན་ཡེན་གྱིས་བཤད་རྒྱུར། “ དེ་དང་མཉམ་དུ་ངས་འགྲིམ་འགྲུལ་ས་ཚིགས་ཟླ་བསྒྲིལ་བཏང་བའི་ཁྲིམས་སྒྲིག་གཞིར་བཟུང་གིས་ཚོང་ལས་གཉེར་དགོས་པ་རེད” ཅེས་བཤད་འདུག

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༣/༡༥

Leave a Reply