ཧྥ་རན་སི་དང་ཨུ་རུ་སུའི་སྲིད་འཛིན་གྱི་གྲོས་འཆམ།

ཧྥ་རན་སིའི་སྲིད་འཛིན་མཱེཀ་རོན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཡུ་ཁུ་རན་དང་སི་རེ་ཡའི་ནང་གི་ཟིང་འཁྲུག་ཞོལ་འཇགས་བཟོ་ཐབས་སྐོར་གྱི་གྲོས་མོལ་ཚོགས་ཆེན་ལ་མོས་མཐུན་བྱུང་ཡོད་འདུག

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཧྥ་རན་སིའི་སྲིད་འཛིན་མཱེཀ་རོན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཧྥ་རན་སིའི་རྒྱལ་པོའི་ཕོ་བྲང་དུ་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ཡུ་ཁུ་རན་ནང་ཞི་བདེ་ཡོང་ཐབས་ལ་གྲོས་མོལ་གནང་རྒྱུར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མར་མཐུན་ཕྱོགས་རྒྱལ་ཁབ་ཨུ་རུ་སུ་དང་འཇར་མན། ཧྥ་རན་སི་དང་ཡུ་ཁུ་རན་བཅས་ཀྱི་སྲིད་འཛིན་རྣམས་ཧྥ་རན་སིའི་ནུབ་བྱང་གྲོང་ཁྱེར་ནོར་མན་ཌེ་ནང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་སྐུ་ཞབས་མཱེཀ་རོན་གྱིས། ཁོས་མི་འགྱངས་པར་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་བསླར་གསོ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་གི་གསར་འགོད་གསལ་བསྒྲགས་ཐོག སྐུ་ཞབས་མཱེཀ་རོན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ནས་ཡུ་ཁུ་རན་ནང་ཞི་བདེ་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་དང་། གྲོས་མོལ་ཚོགས་འདུ་དེ་བདུན་ཕྲག་རྗེས་མར་ཡུ་ཁུ་རན་ནང་འཚོགས་འཆར་ཡོད་སྐོར་བརྗོད་འདུག

སྐུ་ཞབས་པུ་ཊིན་ཀྱིས། ཡུ་ཁུ་རན་ནང་གི་ཟིང་ཆར་བརྟེན་ཏེ། ནུབ་གླིང་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དེས་ཨུ་རུ་སུའི་མཐའ་མཚམས་ཤར་རྒྱུད་རྒྱལ་ཁབ་ཁག་ནང་གི་ཟིང་འཁྲུག་ཞི་འཇགས་བཟོ་ཐབས་མེད་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན། ཨི་ཊ་ལིའི་གྲོང་ཁྱེར་སེ་སི་ལེ་ (Sicily) ནང་ཚོགས་པའི་མཐུན་ཕྱོགས་རྒྱལ་ཁབ་བདུན་གྱི་མཐོ་རིམ་དཔོན་ལྷན་ཚོགས་ཐོག ཡུ་རོབ་རྒྱུན་ལས་མཐུན་ཚོགས་ཀྱི་འགན་འཛིན་ཊུ་སག་ (Donald Tusk)ཞུ་བས། མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཨུ་རུ་སུར་བཀལ་བའི་དཔལ་འབྱོར་ཉེས་ཆད་དེ་མུ་མཐུད་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། སྐབས་དེར་ཨ་རིའི་གཞུང་ཕྱོགས་ནས་རྩོད་རྙོག་དེའི་ནང་ལག་པ་བསྐྱང་འདོད་མེད་སྐོར་བརྗོད་འདུག

༢༠༡༤ ལོར་ཨུ་རུ་སུས་ཐོག་མ་ཡུ་ཁུ་རན་གཞུང་ལ་རོགས་འདེགས་བྱས་པ་དང་། དེའི་རྗེས་ཡུ་ཁུ་རན་ཤར་རྒྱུད་ཀྱི་ངོ་ལོག་ཤོག་ཁག་ལ་རྒྱབ་རོགས་བྱས་སྟབས། རྒྱལ་ཁབ་ ༢༨ ཀྱིས་གྲུབ་པའི་ཡུ་རོབ་མཐུན་ཚོགས་དང་ཨ་རིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཀལ་ཡོད་པ་རེད།

༢༠༡༥ ལོའི་ཕྱི་ཟླ་ ༢ ནང་མེན་སི་ཁི་ (Minsk) གྲོང་ཁྱེར་དུ་ཡུ་ཁུ་རན་གྱི་དྲག་པོའི་ཟིང་འཁྲུག་ཞི་འཇགས་གཏོང་བའི་གྲོས་ཆོད་འཇོག་རག་བར་དུ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཨུ་རུ་སུར་བཀལ་བའི་དཔལ་འབྱོར་ཉེས་ཆད་དེ་མུ་མཐུད་ལག་བསྟར་བྱས་ཡོད་ནའང་། ཨ་རིའི་སྲིད་འཛིན་གསར་བ་ཊི་རུམ་ཕི་གཞུང་གིས་ཨ་རི་དང་ཨུ་རུ་སུའི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

གཞན། དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། སྐུ་ཞབས་མཱེཀ་རོན་གྱི་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཞུང་དང་མཉམ་འབྲེས་ཐོག་སི་རེ་ཡའི་རྒྱལ་ནང་གི་ཟིང་འཁྲུག་ཞི་འཇགས་གཏོང་འདོད་ཡོད་པ་དང་། ཨ་རིའི་དམག་དཔུང་གིས་སི་རེ་ཡའི་ནང་རྡུལ་ཕྲན་དྲག་ཆས་བེད་སྤྱོད་བྱས་པ་དེས་ཧྥ་རན་སིར་འཁོན་སེམས་བསླངས་ཡོད་པ་དང་། དེ་བཞིན། མི་འགྱང་བར་ཁོང་གིས་ཡུ་ཁུ་རན་ནང་མཐུན་ཕྱོགས་རྒྱལ་ཁབ་བཞིའི་གྲོས་མོལ་ཚོགས་འདུ་བསྡུ་རྒྱུ་ཡིན་ཞེས་སོགས་བརྗོད་ཡོད་སྐོར་བཀོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༣༠

Leave a Reply