ཧྥ་རན་སིའི་གཞུང་འཛིན་ཁྲོད་ཕོ་མོ་འདྲ་མཉམ་དང་སྲིད་དོན་ཚོགས་པ་ཆ་སྙོམ་བྱས།

ཨེ་ཕེ་གསར་ཁང་གིས་ ༢༠༡༧།༥།༡༩ ཉིན་སྤེལ།

ཧྥ་རན་སིའི་གཞུང་གསར་བས་བློན་ཆེན་ལྷན་ཚོགས་ཀྱི་དཔོན་རིགས་ ༡༨ ཚུད་པའི་གཞུང་འཛིན་དཔོན་རིགས་ཕྱེད་ཀ་བུད་མེད་དང་ཕྱེད་ཀ་སྐྱེས་པ་བསྐོ་བཞག་བྱ་འཆར་ཡོད་པ་རེད།

 ཧྥ་རན་སིའི་སྲིད་འཛིན་གསར་བ་སྐུ་ཞབས་མཱག་རོན་གྱིས་ཧྥ་རན་སིའི་དམག་དཔུང་རྒྱ་སྐྱེད་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་ཡོང་བ། ཧྥ་རན་སིའི་ངལ་རྩོལ་སྲུང་སྐྱོབ་ལས་གཞི་སོགས་ལ་སྐུལ་འདེད་གཏོང་ཐབས་ཆེད། གཡོན་ཕྱོགས་ཚོགས་པ་དང་གཡས་ཕྱོགས་ཚོགས་པ། དེ་བཞིན་ཕོ་མོ་ཆ་སྙོམ་གྱི་གཞུང་འཛིན་དཔོན་རིགས་ཁག་ཅིག་མིང་འདོན་བྱས་ཡོད་པ་རེད།

རང་ལོ་ ༦༩ ཡིན་པའི་སྐུ་ཞབས་ཁོ་ལོམ་བྷ་ (Gerard Collomb)ནང་སྲིད་བློན་ཆེན་དུ་མིང་འདོན་བྱས་ཡོད་དང་། སྐུ་ཞབས་ཁོ་ལོམ་བྷ་ནི་ཧྥ་རན་སིའི་ལེ་ཨོན་གྲོང་ཁྱེར་སྤྱི་ཁྱབ་དང་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་ཚོགས་མི་བཅས་ཡིན་ཞིང་། ཁོང་གིས་དེ་སྔ་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་ཁྲོད་སྐུ་ཞབས་མཱག་རོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ནང་སྲིད་བློན་ཆེན་གྱི་ལས་འགན་གཙོ་བོ་ཧྥ་རན་སིའི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུ་དེ་རེད།

རང་ལོ་ ༦༩ ཡིན་པའི་སྐུ་ཞབས་ལི་ཌ་རན་ (Jean-Yves Le Drian)ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་དུ་མིང་འདོན་བྱས་ཡོད་པ་དང་། སྐུ་ཞབས་ལི་ཌ་རན་གྱིས་དེ་སྔོན་ཧྥ་རན་སིའི་རྒྱལ་མཚམས་དམག་དོན་རྟོག་ཞིབ་དང་བདེ་སྲུང་བློན་ཆེན་བཅས་ཀྱི་འགན་ཁུར་ཡོད་པ་མ་ཟད། ཁོང་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་མི་སྣ་ཞིག་ཡིན་འདུག སྐུ་ཞབས་ལི་ཌ་རན་ལགས་ལ་ཧྥ་རན་སིའི་སྲིད་དོན་ཐད་འཇོན་ཐང་དང་མཉམ་མྱོང་ཕུན་སུམ་ཚོགས་པ་ཡོད་སྟབས། ཁོང་གིས་རང་ལོ་ ༢༩ ཡིན་པའི་ཧྥ་རན་སིའི་སྲིད་འཛིན་གསར་བ་སྐུ་ཞབས་མཱག་རོན་གྱི་ལས་དོན་ལ་རམ་འདེགས་ཆེན་པོ་འཐོན་སྲིད།

རང་ལོ་ ༥༩ ཡིན་པའི་ལྕམ་གྷུ་ལར་ཌི་ (Sylvie Goulard)ཧྥ་རན་སིའི་དྲག་ཆས་དམག་གི་དམག་དཔོན་དུ་མིང་འདོན་བྱས་ཡོད་པ་དང་། ཁོང་མོ་ཧྥ་རན་སིའི་གཞུང་གི་བུད་མེད་དཔོན་རིགས་མཐོ་ཤོས་ཐོག་མ་དེ་ཆགས་ཡོད། ཁོང་མོ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་གནང་མཁན་ཏེ། མཐའ་གཉིས་སུ་མ་ལྷུང་བའི་ཆབ་སྲིད་ལངས་ཕྱོགས་འཛིན་མཁན་ཞིག་ཡིན། ཁོང་མོས་མ་འོངས་པར་སྲིད་འཛིན་མཱག་རོན་གྱིས་ཡུ་རོབ་མཉམ་འབྲེལ་དམག་དོན་ལ་སྐུ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་གནང་རྒྱུ་ཡིན་འདུག

རང་ལོ་ ༤༨ ཡིན་པའི་སྐུ་ཞབས་ལི་མེ་རི་ (Bruno Le Maire)ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་དུ་མིང་འདོན་བྱས་ཡོད་པ་དང་། ཟླ་རྗེས་མའི་གྲོས་ཚོགས་འོས་བསྡུའི་སྐབས་སྐུ་ཞབས་ལི་རེ་རི་ཧྥ་རན་སིའི་གཡས་ཕྱོགས་སྤྱི་མཐུན་ཚོགས་པའི་གནད་ཡོད་དཔོན་རིགས་ཤིག་ཆགས་ཡོད་པ་བཅས། ཧྥ་རན་སིའི་བློན་ཆེན་ལྷན་ཚོགས་ཀྱི་དཔོན་རིགས་ ༡༨ ཚུད་པའི་གཞུང་འཛིན་དཔོན་རིགས་ཚོའི་ཕྱེད་ཀ་བུད་མེད་དང་ཕྱེད་ཀ་སྐྱེས་པ་ཆགས་ཡོད་པ་རེད།

སྐུ་ཞབས་མཱག་རོན་གྱིས་ཧྥ་རན་སིའི་སྲིད་བློན་གསར་བར་མིང་འདོན་བྱས་པའི་སྐུ་ཞབས་ཧྥེ་ལེ་ཕི་ (Edouard Philippe)གྱིས་ཟླ་རྗེས་མའི་གྲོས་ཚོགས་འོས་བསྡུའི་བར། ཧྥ་རན་སིའི་གཞུང་ལ་མགོ་འཁྲིད་གནང་རྒྱུ་ཡིན་འདུག

དེ་མིན་ཧྥ་རན་སིའི་བློན་ཆེན་ལྷན་ཚོགས་ཀྱིས་མིང་འདོན་བྱས་པའི་གཞུང་འབྲེལ་ལས་གནས་གཞན་དག་ཁྲོད་མི་སེར་སྤྱི་ཚོགས་ (civil society)གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་སྐུ་ཞབས་ཧུ་ལོ་ཊི་ (Nicolas Hulot) ལགས་ཧྥ་རན་སིའི་ཁོར་ཡུག་བློན་ཆེན་དུ་མིང་འདོན་བྱས་ཡོད། གཟའ་ལྷག་པའི་ཉིན་བློན་ཆེན་གཞན་ ༤ མིང་འདོན་བྱས་ཡོད།

ཧྥ་རན་སིའི་བློན་ཆེན་ལྷན་ཚོགས་ཁྲོད་སྲིད་འཛིན་ཟུར་བ་སྐུ་ཞབས་ཧོ་ལན་ཌའི་སྐབས་ཀྱི་བློན་ཆེན་ཟུར་བ་སུམ་ཆ་གཅིག་ལས་མེད་པ་དང་། མིང་འདོན་བྱས་པའི་འོས་མི་ཚོའི་དཔྱ་ཁྲལ་དང་དངུལ་རྩིས་བཅས་ཀྱི་རྩོད་རྙོག་ལ་བརྟེན་ཏེ། འོས་མིའི་གསལ་བསྒྲགས་དེ་གཟའ་མིག་དམར་ནས་ཉིན་གཅིག་ཕར་འགྱངས་བྱས་ཡོད་པ་རེད།

ཧྥ་རན་སིའི་གཞུང་རྙིང་བའི་ནང་རྒྱལ་ཁབ་ཀྱི་དཔྱ་ཁྲལ་མ་མཇལ་བ་སོགས་ཀྱི་རྙོག་གླེང་བྱུང་ཡོད་སྟབས། སྐུ་ཞབས་མཱག་རོན་ལགས་ཀྱིས་ཧྥ་རན་སིའི་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྩོད་བྱེད་རྒྱུའི་ཁག་ཐག་བྱས།

ཞབས་མཱག་རོན་གྱི་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། གཟའ་ལྷག་པའི་ཕྱི་དྲོར་ཧྥ་རན་སིའི་ཨེ་ལེ་སེ་ཕོ་བྲང་ (Elysee Palace) དུ་གཞུང་འབྲེལ་མིན་པའི་དགོང་ཟས་གསོལ་སྟོན་བཤམས་ཏེ། སྐུ་ཞབས་མཱག་རོན་གྱིས་ཡུ་རོབ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཌི་ཊུ་སི་ཁ་ (Donald Tusk)ལ་སྣེ་ལེན་ཞུས་ཏེ། ཁོང་གཉིས་ཀྱིས་ཡུ་རོབ་གླིང་གི་མ་འོངས་བདེ་འཇགས་དང་གནས་སྤོའི་སྲིད་ཇུས་བཅས་ཀྱི་ཐོག་གྲོས་མོལ་བྱས་ཡོད་པ་དང་། དེ་ནི་ཧྥ་རན་སིའི་སྲིད་འཛིན་གསར་བས་ཡུ་རོབ་རྒྱལ་ཁབ་ཁག་གི་ཆིག་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་མཚོན་རྟགས་ཤིག་ཡིན་འདུག

སྐུ་ཞབས་མཱག་རོན་གྱིས་ཡུ་རོབ་ཀྱི་དམག་དཔུང་མཉམ་འབྲེལ་ཐོག་འབད་བརྩོན་བྱེད་རྒྱུ་དང་། ཡུ་སྒོར་བེད་སྤྱོད་གཏོང་བཞིན་པའི་རྒྱལ་ཁག་ཁག་གིས་དངུལ་རྩིས་དང་དཔྱ་ཁྲལ་མཇལ་དགོས་པའི་རེ་འདུན་བཅངས་ཡོད། ཁོང་གིས་ད་དུང་དབྱིན་ཇི་གཞུང་གིས་མང་མོས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཡུ་རོབ་མཐུན་ཚོགས་ཀྱི་བུ་ཡོན་དང་གནས་སྤོའི་དཀའ་རྙོག་འོག ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་བུད་པའི་གྲོས་ཆོད་བཞག་པར་ཁ་གཏད་གཅོག་གི་ཡོད།

གཟའ་འཁོར་འདིའི་མཇུག་ཏུ། སྐུ་ཞབས་མཱག་རོན་གྱིས་ཨ་ཧྥི་རི་ཁའི་ནང་གི་ཧྥ་རན་སིའི་དྲག་ཆས་དམག་ཁུལ་དུ་སྐོར་སྐྱོད་བྱ་འཆར་ཡོད་ལ། སྐུ་ཞབས་མཱག་རོན་འཇར་མན་སྲིད་བློན་ལྕམ་ཨན་གྷ་ལ་མིར་ཁིལ་དང་རྒྱལ་ཚོགས་དྲུང་ཆེ་གྷུ་ཊིར་རི་སི། དེ་བཞིན། རྒྱལ་སྤྱིའི་ཨོ་རྩལ་ཚོགས་ཆུང་གི་ཚོགས་མི་བཅས་ལ་ཐུག་འཕྲད་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༡༩

Leave a Reply