ཧྥ་རན་སིའི་བདམས་ཐོན་སྲིད་འཛིན་མཱེཀ་རོན་དང་ཁོང་གི་ཆུང་མ་ཊོཀ་ནཱི་ཨུཛ་ཡི་བརྩེ་སྒྲུང་།

སི་ཨིན་ཨིན་གསར་ཁང་གིས་ ༢༠༡༧།༥།༨ ཉིན་སྤེལ་ཡོད།

ཧྥ་རན་སིའི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ཨེམ་མ་ནུལ་མེཀ་རོན་ (Emmanuel Macron)ལགས་དང་། ཁོང་གི་ཆུང་མ་སྐུ་ལྕམ་བྷི་རེ་གྷི་ཊི་ཊོག་ནཱི་ཨུཛ་(Briggitte Trogneux)ལགས་གཉིས་ཀྱི་བརྩེ་དུང་གིས་འཛམ་གླིང་མི་མང་གི་ཡིད་སེམས་འཕྲོག་ཡོད།

སྐུ་ཞབས་ཨེམ་མ་ནུལ་མེཀ་རོན་ད་ལྟ་དགུང་ལོ་ ༣༩ ཡིན་པ་དང་། ཁོང་གི་སྐུ་ལྕམ་བྷི་རེ་གྷི་ཊི་ཊོག་ནཱི་ཨུཛ་ལགས་དགུང་ལོ་ ༦༤ ཡིན་སྟབས། སྐུ་ལྕམ་ཁོང་མོའི་ཁྱོ་ག་ལས་ལོ་ ༢༥ ཡི་ཆེ་བ་དང་། ༢༠༠༧ ལོར་ཁོང་གཉིས་གཉེན་སྒྲིག་བྱེད་སྐབས་མེཀ་རོན་ལོ་ ༢༩ དང་། ནཱི་ཨུཛ་ལོ་ ༥༤ ཡིན།

ཁོང་གཉིས་ཀྱི་མི་ཚེ་ལོ་རྒྱུས་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ཡང་ཡང་མཐོང་ཐུབ་མེད། ཐེངས་འདིར་ཧྥ རན་སིའི་སྲིད་འཛིན་ཆགས་པའི་སྐུ་ཞབས་མཱེཀ་རོན་ལགས་རང་ལོ་ ༡༥ ཡིན་སྐབས་སློབ་གྲཱའི་རྩེད་མོའི་འགྲན་བསྡུར་ཞིག་ཏུ་ཞུགས་སྐབས། རྩེད་མོ་དེའི་མགོ་ཁྲིད་པ་དང་སྟངས་འཛིན་བྱེད་མཁན་ནི་ལོ་ ༢༤ ཡིས་ཁོ་རང་ལས་ཆེ་བའི་བུ་མོ་ཊོཀ་ནཱི་ཨུཛ་ཡིན་འདུག

ཊོཀ་ནཱི་ཨུཛ་ནི་ཐོག་མར་མཱེཀ་རོན་གྱི་དགེ་རྒན་ཡིན་པ་དང་། རིམ་གྱིས་གྲོགས་མོར་གྱུར་བ་མ་ཟད། མཐར་ཁོང་གི་ཆུང་མར་གྱུར་ཞིང་། མཱེཀ་རོན་གོམ་པ་རེ་རེ་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་མཁན་དང་མི་ཚེ་རིན་ཐང་གི་ལམ་སྟོན་པའང་ཡིན་འདུག

ད་ལྟ་མཱེཀ་རོན་རང་ལོ་ ༣༩ ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༤ པར་མཱེཀ་རོན་ཧྥ་རན་སའི་སྲིད་འཛིན་འོས་མིར་བདམས་ཐོན་བྱུང་བའི་གསལ་བསྒྲགས་བྱས་སྐབས། ཁོང་གིས་ཊོག་ནཱི་ཨུཛའི་སྐོར་ལ། “ཁོ་མོ་མེད་ན། ང་དེ་རིང་གི་ང་ཡིན་གྱི་མ་རེད།” ཅེས་བརྗོད་ཡོད།

ཊོཀ་ནཱི་ཨུཛ་ནི་ད་ལྟ་རང་ལོ་ ༦༤ ཡིན་པ་དང་། ཁོང་མོ་ཟླ་བ་ཁ་ཤས་རྗེས་ཧྥ་རན་སིའི་བུད་མེད་དང་པོ་(First Lady)ཆགས་རྒྱུ་རེད། ཨ་རིའི་སྲིད་འཛིན་རིམ་བྱོན་གྱི་ཆུང་མ་ཚོས་འོས་བསྡུའི་ནང་ཆ་ཤས་ཤུགས་ཆེན་པོ་ལེན་པའི་ལུགས་སྲོལ་ཡོད་ཀྱང་། ཧྥ་རན་སིའི་ལོ་རྒྱུས་ནང་སྲིད་འཛིན་གྱི་ཆུང་མས་འོས་བསྡུར་ཆ་ཤས་ལེན་པའི་ལུགས་སྲོལ་མེད་ལ་མང་ཚོགས་ཀྱིས་ཀྱང་དེ་ཙམ་དོ་སྣང་མི་བྱེད།

སྐུ་ཞབས་མཱེཀ་རོན་གྱིས། གལ་ཏེ་ཁོང་ལ་སྲིད་འཛིན་རྒྱལ་ཁ་འཐོབ་ན་རང་གི་ཆུང་མར་ཡང་སྲིད་འཛིན་ཆུང་མའི་ཆོ་ལོས་ཡིད་ཚིམས་ནས་སྡོད་དུ་མི་འཇུག་པར་ཁོ་མོ་ཡང་གཞུང་གི་སྒྲིག་འཛུགས་ཀྱི་སྡེ་ཚན་གང་རུང་ཞིག་གི་འོག་ཏུ་ལས་ཀ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཡོད།

བརྩེ་བས་ཐམས་ཅད་བརྩེ་བའི་ལམ་དུ་ཁྲིད།

ཊོཀ་ནཱི་ཨུཛ་དང་མཱེཀ་རོན་གཉིས་ནི་ཧྥ་རིན་སིའི་བྱང་ཕྱོགས་ཀྱི་གྲོང་རྡལ་ཨ་མི་ཡན་(Amiens)ཞེས་པ་ནས་ཡིན་པ་དང་། ཊོཀ་ནཱི་ཨུཛ་ལ་སྤུན་མཆེད་ ༦ ཡོད་པ་ལས་ཁོང་མོ་ཆུང་ཤོས་དེ་ཡིན་འདུག ལྕམ་ཊོཀ་ནཱི་ཨུཛ་ལགས་སྐུ་ཞབས་མཱེཀ་རོན་ལགས་སུ་མ་ཐུག་སྔོན་ལ་མི་མང་སྤྱི་མཚུངས་ཀྱི་འཚོ་བ་དཀྱུས་མ་ཞིག་རོལ་བཞིན་ཡོད་པ་དང་། ཁོ་མོས་ཧྥ་རན་སིའི་སློབ་གྲྭ་ཞིག་ཏུ་ཧྥ་རན་སིའི་རིག་གནས་དང་ལཱེ་ཊིན་(Latin)། དེ་བཞིན། གཏམ་བརྗོད་བཅས་ཀྱི་སློབ་ཚན་སློབ་ཁྲིད་བྱེད་མཁན་ཡིན་པ་དང་། དེ་སྔ་དངུལ་ཁང་གི་ལས་བྱེད་ཨེན་ཌ་རི་ལཱུ་ཨུས་ཨའོ་ཛི་རི་(Andre Louis Auziere)ཞེས་པ་ཞིག་དང་གཉེན་སྒྲིག་བྱས་ཏེ། ཁོང་གཉིས་ལ་ཕྲུ་གུ་གསུམ་ཡོད་འདུག

༢༠༡༦ ལོར་ཊོཀ་ནཱི་ཨུཛ་ཡིས་ཕེ་རི་སིའི་དུས་དེབ་(Paris Magazine)སྟེང་། “བརྩེ་བས་ཐམས་ཅད་བརྩེ་བའི་ལམ་དུ་ཁྲིད་སོང་། བཟའ་ཟླ་དང་ཁ་འབྲལ་དགོས་བྱུང་སོང་། གང་ཡིན་ཟེར་ན། ངས་ཁོ་བོའི་(མཱེཀ་རོན་གྱི་)བརྩེ་བ་འགོག་ཐབས་མི་འདུག”ཅེས་བརྗོད་ཡོད།

ཊོཀ་ནཱི་ཨུཛ་ལགས་༢༠༠༦ ལོར་བཟའ་ཟླ་དང་པོ་ཨའོ་ཛི་རི་དང་ཁ་ཁ་ཆགས་ཏེ། རྒྱལ་ས་ཕེ་རི་སིར་གནས་སྤོ་བྱས་ཏེ་སློབ་གྲྭ་ཞིག་གི་དགེ་རྒན་བྱས་ཤིང་། ༢༠༠༧ ལོར་མཱེཀ་རོན་དང་གཉེན་སྒྲིག་བྱས་ཡོད། ༢༠༡༥ ལོར་མཱེཀ་རོན་ཧྥ་རན་སིའི་ཆབ་སྲིད་ནང་ཞུགས་ཤིང་། རྗེས་སུ་ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་གྱི་གོ་གནས་ཐོབ་རྗེས། ཁོང་མོས་རང་གི་ཁྱོ་གར་ལམ་སྟོན་རོགས་རམ་ཆེད་དགེ་རྒན་གྱི་ལས་ཀ་ནས་རྩ་དགོངས་ཞུས་ཡོད་འདུག

ཧྥ་རན་སི་ ༣ པའི་བརྙན་འཕྲིན་(France3 TV)ཞེས་པ་ཞིག་གིས་ཊོཀ་ནཱི་ཨུཛ་དང་མཱེཀ་རོན་གཉིས་ཀྱི་མི་ཚེའི་སྐོར་ལ་དངོས་བྱུང་བརྙན་ཐུང་(Documentary)ཞིག་བཟོས་ཡོད་པའི་ནང་། ལྕམ་ཊོཀ་ནཱི་ཨུཛ་ལགས་ནི་སྐུ་ཞབས་མཱེཀ་རོན་གྱི་སློབ་སྟོན་པ་ཡིན་པ་ལྟར་བཟོས་ཡོད་འདུག ཊོཀ་ནཱི་ཨུཛ་ཡིས་ཕེ་རི་སི་མཱེ་ཆ་(Paris Match)ཞེས་པའི་དུས་དེབ་སྟེང་། “ཁོ་ལ་དཀའ་ངལ་མ་ཡོང་བའི་ཆེད་དུ། ངས་ཡོད་ཚད་ཐམས་ཅད་ལ་དོ་སྣང་བྱེད་དགོས།” ཅེས་བརྗོད་ཡོད།

ལྕམ་ཊོཀ་ནཱི་ཨུཛ་ལགས་སུ་སཱི་བྷས་ཏི་འེན་(Sebastien)དང་། ལཱོ་རི་འེན་(Laurence)། ཏི་ཕའེ་ནཱི་(Tiphaine)བཅས་ཕྲུ་གུ་གསུམ་ཡོད་པ་དང་། ད་ལྟ་ཁོང་ཚོ་ནར་སོན་ཡོད་ཀྱང་རང་གི་ཕ་ཚབ་མཱེཀ་རོན་ལ་ནང་མིའི་བརྩེ་བ་ཟབ་མོ་ཡོད་པ་མ་ཟད། མཱེཀ་རོན་གྱི་འོས་བསྡུའི་ལས་འགུལ་སྐབས་སུའང་ཁོང་ཚོས་སྟོད་ཐུང་སྟེང་མཱེཀ་རོན་གྱི་ཆབ་སྲིད་ཚོགས་པའི་རྟགས་འཁོད་དེ་ཁྱབ་བསྒྲགས་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད།

མཱེཀ་རོན་གྱིས་ཊོཀ་ནཱི་ཨུཛ་ལ་གཉེན་སྒྲིག་བྱ་རྒྱུའི་ཐག་གཅོད་མ་བྱས་སྔོན་ལ་ཁོ་མོའི་ཕྲུ་གུ་ཚོར་མོས་མཐུན་ཡོད་མེད་དགོངས་ཚུལ་ནན་འདྲི་ཞུས་ཡོད་འདུག ཁོ་མོའི་བུ་མོ་ཏི་ཕའེ་ནཱི་ཡིས་གསར་ཁང་ཞིག་ལ། “ཁོང་གིས་(མཱེཀ་རོན་)ང་ཚོའི་མདུན་དུ་ཡོང་ནས་ང་ཚོའི་ཨ་མར་གཉེན་སྒྲིག་བྱ་འདོད་ཡོད་པ་བཤད་སོང་། དེ་ནི་ཧ་ཅང་དཀྱིལ་ཡངས་དང་གུས་བརྩི་ལྡན་པ་ཞིག་རེད། དེ་མི་ཚང་མས་བྱེད་ཐུབ་པ་ཞིག་མ་རེད། ཁོང་གིས་དེ་ལྟར་བྱེད་དོན་ང་ཚོའི་ཨ་མ་དང་ཁོ་རང་བར་གྱི་ལས་དོན་དེར་ང་ཚོ་མོས་མཐུན་ཡོད་མེད་ཤེས་འདོད་ཡོད་པ་རེད།” ཅེས་བརྗོད་ཡོད།

ཐུན་མོང་མིན་པའི་གཉེན་སྒྲིག་གི་དགའ་སྟོན།

མཱེཀ་རོན་དང་ཊོཀ་ནཱི་ཨུཛ་གཉིས་ག་དུས་ཤིག་ལ་ཇི་ལྟར་བརྩེ་དུང་ནང་ལྷུང་བ་སུས་ཀྱང་མི་རྟོགས་ཀྱང་། སྐབས་དེར་མཱེཀ་རོན་རང་ལོ་ ༡༧ ཡིན་ཡང་རང་གི་འདོད་འདུན་གང་ཡིན་པ་དེ་ཤེས་ཡོད་ལ། ཁོ་རང་ལོ་ ༡༧ ཡིན་ཡང་རང་ལ་བརྩེ་སེམས་ཡོད་པའི་ཊོཀ་ནཱི་ཨུཛ་ལ་ངོས་ལེན་བྱེད་ཐུབ་ཡོད་པ་རེད། སྐུ་ཞབས་མཱེཀ་རོན་ལགས་ཨ་མི་ཡན་(Amiens)ས་གནས་ནས་སློབ་མཐར་ཕྱིན་ཏེ་ས་གཞན་ཞིག་ཏུ་སློབ་སྦྱོང་ལ་འགྲོ་མཁར། ཁོས་ཊོཀ་ནཱི་ཨུཛ་ལ་ “ཁྱོད་ལ་གནས་སྟངས་ག་འདྲ་ཞིག་བྱུང་ཡོང་ངམ། ངས་ཁྱོད་དང་གཉེན་སྒྲིག་བྱེད་ཀྱི་ཡིན།”ཞེས་བརྗོད་ཡོད་འདུག

རྩོམ་པ་པོ་ཨན་ནེ་ཕུལ་ཌ་(Anne Fulda)ལགས་ཀྱིས་བྲིས་བའི་མཱེཀ་རོན་གྱི་ལོ་རྒྱུས་དེབ་ ༼ ཡང་དག་པའི་གཞོན་སྐྱེས་ཨིམ་མཱ་ནེའུལ་མཱེཀ་རོན། Emmanuel Macron: A perfect young man ༽ ཞེས་པའི་ནང་དང་། རུ་ཊིར་གསར་ཁང་གི་གནས་ཚུལ་གཉིས་ནང་། མཱེཀ་རོན་དང་ཊོཀ་ནཱི་ཨུཛ་གཉིས་ཀྱི་བརྩེ་དུང་ལ་མཱེཀ་རོན་གྱི་ནང་མི་ཚོས་མོས་མཐུན་བྱས་མེད། འོན་ཀྱང་། ཁོང་གཉིས་ཀྱིས་ཕྱིར་འཐེན་རྩ་བ་ནས་བྱས་མེད་སྟབས། མཱེཀ་རོན་གྱི་ཨ་ཕས་ཊོཀ་ནཱི་ཨུཛ་ལགས་སུ་མཱེཀ་རོན་ལོ་ ༡༨ མ་ཟིན་བར་དེ་ལྟར་མི་གནང་རྒྱུའི་རེ་སྐུལ་ཞུས་ཡོད་འདུག

ཊོཀ་ནཱི་ཨུཛ་ཡིས། “དུས་ཚོད་ག་འདྲ་ཞིག་ལ་ངེད་གཉིས་ཀྱི་སྒྲུང་དེ་བརྩེ་སྒྲུང་ལ་འཕོ་གྱུར་བྱུང་བ་སུས་ཀྱང་རྟོགས་མེད། གང་ཡིན་ཟེར་ན། སྒྲུང་དེ་ངེད་གཉིས་མ་གཏོགས་སུས་ཀྱང་མི་ཤེས་ལ། དེ་ནི་ངེད་གཉིས་ཀྱི་གསང་བའང་ཡིན།” ཞེས་བརྗོད་འདུག

ཁོང་གཉིས་ཀྱི་གྲོགས་པོ་ཕི་ལིབ་པི་བྷེས་སཱོན་(Philippe Besson)ལགས་ཀྱིས། ཁོང་གཉིས་ཀྱི་འབྲེལ་བར་མི་སུས་ཀྱང་མོས་མཐུན་བྱེད་དཀའ་བ་ཆགས་པ་རེད་ཟེར། བྷེས་སཱིན་གྱིས། “ཁོང་གཉིས་ཀྱི་གཏམ་རྒྱུད་དེར་མི་ཚང་མར་འདོད་པ་མེད་པ་མ་ཟད། ཁོང་གཉིས་ཀྱི་ནང་མི་ཚོས་ཀྱང་འདོད་པ་མེད་པའི་རྣམ་འགྱུར་བསྟན་པ་རེད། གང་ཡིན་ཟེར་ན། ཁོང་གཉིས་བར་ལོ་ཆེ་ཆུང་ཧེ་བག་ཆེན་པོ་ཡོད་སྟབས། སྤྱི་ཚོགས་ནང་ལྟ་སྟངས་ཡག་པོ་ཡོང་གི་མ་རེད།” ཅེས་དང་། ད་དུང་། “དམིགས་བསལ་གྱིས་སྐྱེས་པ་ལས་བུད་མེད་ལོ་ཆེ་ན་མི་ཚོས་དེ་བས་ཀྱང་དང་ལེན་བྱེད་དཀའ།”ཅེས་བརྗོད་ཡོད་འདུག

བུད་མེད་ལས་སྐྱེས་པ་ལོ་ཆེ་ན་སྣང་དོགས་དེ་ཙམ་མེད། དཔེར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་དང་ཁོང་གི་ཆུང་མ་མཱི་ལ་ནི་ཡཱ་གཉིས་ཀྱི་བར་ལོ་ཆེ་ཆུང་ ༢༤ ཡོད་ཀྱང་། ཁོང་གཉིས་ཀྱི་ལོའི་ཁྱད་པར་ལ་སུས་ཀྱང་ཁ་ཡ་བྱེད་ཀྱི་མེད།

མཱེཀ་རོན་དང་ཊོཀ་ནཱི་ཨུཛ་གཉིས་ལ་སྤྱི་ཚོགས་ནང་མ་དགའ་བ་དང་ལབ་གླེང་ག་འདྲ་བྱུང་ཡང་། ཁོང་གཉིས་ཀྱིས་མི་ཚེ་མཉམ་དུ་བསྐྱེལ་རྒྱུའི་དམ་བཅའ་དེར་སུ་དང་གང་གིས་ཀྱང་འགྱུར་བ་གཏོང་ཐུབ་མེད་པ་མ་ཟད། ཁོང་གཉིས་སྤྱི་ཚོགས་ཁུག་ཀྱོག་ཅིག་ནས་ཁུ་སིམ་མེར་མ་བསྡད་པར། མང་ཚོགས་ཁྲི་སྟོང་གི་མདུན་དུ་ཐོན་ཏེ་ཡོང་ཡོད་པ་དང་། ཧྥ་རན་སིའི་དུས་དེབ་སྟེང་ཁོང་གཉིས་སྐོར་ལ། ཁོང་གཉིས་ཀྱི་གཉེན་སྒྲིག་དེ་ནི་ཧ་ཅང་ཐུན་མོང་མ་ཡིན་པའི་དགའ་སྟོན་ཞིག་དང་། མཛའ་བརྩེ་ལྡན་པའི་དེང་དུས་ཀྱི་ཁྱིམ་ཚང་ཞིག་རེད་ཅེས་འཁོད་ཡོད།

ཐེངས་ཤིག་འོས་བསྡུའི་ལས་འགུལ་སྐབས་མཱེཀ་རོན་གྱིས། “ངེད་གཉིས་ཀྱི་ཁྱིམ་ཚང་ནི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྲོལ་རྒྱུན་ཁྱིམ་ཚང་ཞིག་མ་རེད། འོན་ཀྱང་། ངེད་གཉིས་ཀྱི་ཁྱིམ་ཚང་ལ་སུས་ཀྱང་གཏོར་བཤིག་གཏོང་མི་ཐུབ།” ཅེས་དང་། “ངེད་གཉིས་ཀྱི་ཁྱིམ་ཚང་ལ་བརྩེ་བ་མེད་པ་རེད་དམ། ངས་དེ་འདྲ་རེད་བསམ་གྱི་མེད། ངས་བསམ་ཚུལ་བྱས་ན། ངེད་གཉིས་ཀྱི་ཁྱིམ་ཚང་ནང་སྲོལ་རྒྱུན་ལམ་ལུགས་ཐོག་ཤར་སྐྱོད་བྱེད་མཁན་ལས་ཀྱང་ཕལ་ཆེར་བརྩེ་བ་མང་བ་ཡོད་པ་རེད་བསམ་གྱི་འདུག ”ཅེས་བརྗོད་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༠༩

Leave a Reply

3 thoughts on “ཧྥ་རན་སིའི་བདམས་ཐོན་སྲིད་འཛིན་མཱེཀ་རོན་དང་ཁོང་གི་ཆུང་མ་ཊོཀ་ནཱི་ཨུཛ་ཡི་བརྩེ་སྒྲུང་།

  1. ངས་འདིར་བཤད་འདོད་པ་ཞིག་ནི།
    ༡ སྐུ་ཞབས་ཨེམ་མ་ནུལ་མེཀ་རོན་ད་ལྟ་དགུང་ལོ་ ༣༩ ཡིན་པ་དང་། ཁོང་གི་སྐུ་ལྕམ་བྷི་རེ་གྷི་ཊི་ཊོག་ནཱི་ཨུཛ་ལགས་དགུང་ལོ་ ༦༤ ཡིན་སྟབས། སྐུ་ལྕམ་ཁོང་མོའི་ཁྱོ་ག་ལས་ལོ་ ༢༥ ཡི་ཆེ་བ་དང་། ༢༠༠༧ ལོར་ཁོང་གཉིས་གཉེན་སྒྲིག་བྱེད་སྐབས་མེཀ་རོན་ལོ་ ༢༩ དང་། ནཱི་ཨུཛ་ལོ་ ༥༤ ཡིན། ཞེས་པ་འདི་ལ་མེཀ་རོན་ལོ་ ༣༩ དང་། ཊོཀ་ནི་ཨུཛ་ལོ་ ༦༤ ལྟར་བརྩིས་ན་ཁོང་གཉིས་ཀྱི་དབར་ལ་ལོ་ ༢༥ ཆེ་ཆུང་ཡོད་ཀྱང་། གཞན་འོག་ཏུ་བརྗོད་པ་ལྟར།

    ༢ ཁོང་གཉིས་ཀྱི་མི་ཚེ་ལོ་རྒྱུས་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ཡང་ཡང་མཐོང་ཐུབ་མེད། ཐེངས་འདིར་ཧྥ རན་སིའི་སྲིད་འཛིན་ཆགས་པའི་སྐུ་ཞབས་མཱེཀ་རོན་ལགས་རང་ལོ་ ༡༥ ཡིན་སྐབས་སློབ་གྲཱའི་རྩེད་མོའི་འགྲན་བསྡུར་ཞིག་ཏུ་ཞུགས་སྐབས། རྩེད་མོ་དེའི་མགོ་ཁྲིད་པ་དང་སྟངས་འཛིན་བྱེད་མཁན་ནི་རང་ལོ་ ༢༤ ཡིན་པའི་བུ་མོ་ཊོཀ་ནཱི་ཨུཛ་ཡིན་འདུག
    ཅེས་པ་འདིར་མེཀ་རོན་རང་ལོ་ ༡༥ ཡིན་པ་དང་། ཊོཀ་ནཱི་ཨུཛ་རང་ལོ་ ༢༤ ཡིན་པ་ཞིག་བྲིས་འདུག་པས་གང་ལྟར་ལོའི་ཆ་ནས་མི་མཚུངས་པ་ཞིག་རེད།

  2. སྲས་སྐུ་ངོ་།

    བརྩེ་དུང་ག་འདྲ་ཡིན་མིན་མི་ཤེས་ཀྱང་། མཱ་ཁུ་རོན་ལགས་ཀྱིས་གཞན་གྱི་དྲོད་འཁོལ་གྱི་ཁྱིམ་ཚང་གཏོར་བཤིག་བཏང་པ་རེད། དེས་ཁོ་རང་གཙོ་འཛིན་རིང་ལུགས་པ་དང་བརྩེ་དུང་སྒེར་ཚུགས་རྒྱག་མཁན་ཞིག་དང་། དབུ་མེད་དགེ་རྒན་འདི་ཡང་ཟུར་གཏན་བརྩེ་དུང་འཁྲབ་མཁན་ཞིག་རེད། ནུབ་ཕྱོགས་ཀྱི་ལྟ་སྟངས་ནས་དེ་ཙམ་ཡིན་ཡང་བོད་པའི་ལུགས་སྲོལ་ལྟར་ན་གཅིག་ནི་ངོ་ཚ་མེད་མཁན་ཞིག་དང་གཅིག་ནི་ལས་འབྲས་ལ་མི་རྩིས་མཁན་ཞིག་རེད།