ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་སྔོན་འགྲོའི་གྲུབ་འབྲས།

དེ་རིང་སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཧྥ་རན་སིའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ཁྲོད། འོས་གྲངས་མང་ཤོས་སྐུ་ཞབས་ཨིམ་མཱ་ནེའུལ་མཱེཀ་རོན་(Emmanuel Macron)ལགས་དང་། ལྕམ་མཱེ་རཱིན་ལཱི་པེན་(Marine La Pen)ལགས་གཉིས་ཆགས་ཡོད་འདུག ད་བར་འོས་བསྡུའི་ས་ཚིགས་བརྒྱ་ཆ་ ༩༧ ཙམ་གྱི་འོས་ཤོག་གྲངས་བཤེར་བྱས་ཚར་ཡོད་པའི་ཁྲོད། སྐུ་ཞབས་མཱེཀ་རོན་ལ་འོས་བརྒྱ་ཆ་ ༢༣.༩ དང་། ལྕམ་ལཱི་པེན་ལ་འོས་བརྒྱ་ཆ་ ༢༡.༤ ཐོབ་ཡོད་འདུག དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་ ༥ ཚེས་ ༧ ཉིན་བྱ་རྒྱུ་ཡིན་འདུག

སྐུ་ཞབས་མཱེཀ་རོན་ནི་ད་ལྟ་རང་ལོ་ ༣༩ ཡིན་པ་དང་། དེ་སྔོན་དངུལ་ཁང་དུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ད་ལྟའི་སྲིད་འཛིན་འོག་དཔལ་འབྱོར་བློན་ཆེན་ཡང་གནང་མྱོང་ཡོད་པ་དང་། རྗེས་སུ་རྩ་དགོངས་ཞུས་ཏེ་སྒེར་གྱི་ཆབ་སྲིད་ཚོགས་པ་གསར་པ་ཞིག་བཙུགས་ཡོད་པ་རེད། གལ་སྲིད་ཁོང་ལ་ཐེངས་འདིའི་སྲིད་འཛིན་རྒྱལ་ཁ་ཐོབ་ན། ཁོང་ནི་ཧྥ་རན་སིའི་ལོ་རྒྱུས་ནང་སྲིད་འཛིན་ལོ་ན་ཆུང་ཤོས་དེ་ཆགས་རྒྱུ་ཡིན་པ་དང་། ཐེངས་འདིའི་འོས་བསྡུར་གྲུབ་འབྲས་ཡག་པོ་བྱུང་རྗེས། ཁོ་རང་རྒྱབ་སྐྱོར་བ་ཚོར་ “ ཐེངས་འདིར་ང་ཚོ་ལ་རྒྱལ་ཁ་ཐོབ་པ་རེད། འབྱུང་འགྱུར་དངོས་གཞིའི་འོས་བསྡུའི་སྐབས་ང་ཁྱེད་རྣམ་པའི་སྲིད་འཛིན་ཆགས་ཐུབ་པའི་རེ་བ་ཡོད། ང་ཧྥ་རན་སིའི་མི་མང་ཡོངས་ཀྱི་སྲིད་འཛིན་ཆགས་ཐུབ་པའི་རེ་བ་ཡོད། ”ཅེས་བརྗོད་འདུག

ལྕམ་ལཱི་པེན་ལགས་ཀྱི་ཨ་ཕ་ ༢༠༠༢ ལོར་སྲིད་འཛིན་འོས་མིར་བཞེངས་ཡོད་ཀྱང་རྗེས་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད། ལྕམ་ལཱི་པེན་གྱིས་ཀྱང་འོས་གྲངས་མང་པོ་ཐོབ་པ་ཤེས་རྗེས་ “ད་ནི་ཧྥ་རན་སི་ང་རྒྱལ་ཆེ་བའི་མཐོ་རིམ་མི་སྣ་ཚོའི་འོག་ནས་ཀློད་གྲོལ་ཐོབ་པའི་དུས་ཚོད་བསླེབས་འདུག” ཅེས་དང་། “ ཧྥ་རན་སི་གསོན་པོར་གནས་པའི་ཆེད་དུ།” “ང་ཚོ་གང་ནས་ཡོང་བ་དང་། མི་ཁུངས་གང་ཞིག་ཡིན་པ། སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་སུ་ལ་བླུགས་པ་སོགས་ང་ལ་ཁྱད་པར་གང་ཡང་མེད། ད་ལྟ་ངས་ཁྱེད་རྣམ་པར་སྔར་གྱི་རྩོད་གཞི་རྣམས་དྲན་པ་བརྗེད་དུ་བཅུག་སྟེ། ང་ཚོའི་རྒྱལ་ཁབ་ལ་དགོས་མཁོ་གང་ཡོད་པ་དེར་དམིགས་ཡུལ་གཏོད་རོགས། དེ་ལྟར་ཡོང་བར་ཁྱེད་རྣམ་པས་ཆིག་བསྒྲིལ་གནང་རོགས་ཞུ་རྒྱུ་ཡིན།”ཞེས་བརྗོད་འདུག

ཧྥ་རན་སིའི་གསར་འགོད་པ་ཨོས་ཀེརན་(Ockrent)ཞེས་པ་ཞིག་གིས་སི་ཨན་ཨན་གསར་ཁང་ལ། འོས་བསྡུ་ནི་མི་མང་མཚོན་པའི་མེ་ལོང་ཡིན། དབྱིན་ཡུལ་མི་མང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐོན་འདོད་པ་ལྟར། འོས་བསྡུའི་ཁྲོད་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུར་འོས་བླུགས་པ་རེད། ཨ་རིའི་མི་མང་གིས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ལ་འོས་བླུགས་པ་དེས་མི་བརྒྱུད་ནས་མི་བརྒྱུད་ཆབ་སྲིད་འཛིན་མཁན་ལ་མ་དགའ་བའི་རྣམ་འགྱུར་བསྟན་པ་མ་ཟད། ཐེངས་འདིའི་ཧྥ་རན་སིའི་སྔོན་འགྲོའི་འོས་བསྡུའི་འགྲུབ་འབྲས་ནི་ཡུ་རོབ་གླིང་ཡོངས་དང་། ལྷག་པར་དུ་ཧྥ་རན་སི་རྒྱལ་ཁབ་ལ་ས་འགུལ་ཆེན་པོ་ཞིག་བྱུང་བ་ལྟ་བུ་རེད་ཅེས་བརྗོད་འདུག ད་དུང་ཁོས་ “དེ་ནི་སྐུ་ཞབས་མཱེཀ་རོན་གྱི་རྒྱལ་ཁ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། ཁོང་གི་དམིགས་ཡུལ་དང་རེ་བར་མི་མང་གིས་ངོས་ལེན་ཡག་པོ་ཡོད་པ་མཚོན་གྱི་ཡོད།” ཅེས་ཀྱང་བརྗོད་འདུག

སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གང་འཚམ་ཕྱི་ལོགས་སུ་ཐོན་པ་དང་བསྟུན་ཏེ། སྐུ་ཞབས་མཱེཀ་རོན་གྱི་རྒྱབ་སྐྱོར་བ་ཚོས་དགའ་སྤྲོ་ཆེན་པོས་སྐད་འབོད་བརྒྱབ་སྟེ་རྒྱལ་དར་འཕྱར་ཡོད་པ་དང་། མཱེཀ་རོན་གྱིས། “ངས་རང་རྒྱལ་དང་ཡུ་རོབ་གྱི་འདོད་པ་ལྟར་རེ་བ་གསར་བསྐྲུན་བྱེད་རྒྱུ་ཡིན།” “ད་བར་ཧྥ་རན་སི་བཟུང་བའི་ཆབ་སྲིད་ཚོགས་པ་གཉིས་ང་ཚོས་ཕྱིར་འཕུད་བཏང་ཚར་བ་རེད།” “ད་ལྟ་ཁྱེད་ཅག་གིས་ང་ཚོའི་རྒྱལ་ཁབ་ཀྱི་རེ་བ་དེ་ནི་རྨི་ལམ་ཙམ་ཞིག་མིན་པར། གཞན་ལ་དངོས་སུ་ཕན་ཐོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་གསལ་པོར་ར་སྤྲོད་བྱས་སོང་།”ཞེས་བརྗོད་འདུག

ལྕམ་ལཱི་པེན་ལགས་ཀྱི་ཆབ་སྲིད་ཚོགས་པ་ནི། ཧྥ་རན་སིའི་ནང་གི་གནས་སྤོ་མི་མང་དང་རྒྱལ་ཁབ་གཞན་དང་ཚོང་འབྲེལ་ཐོག་དམ་པོ་བྱས་ཏེ། ཡུ་རོབ་རྒྱལ་ཁབ་དང་ཧྥ་རན་སིའི་བར་གྱི་ད་སྔའི་འབྲེལ་ལམ་ལ་བཅོས་སྒྱུར་གཏོང་འདོད་ཡོད་པའི་རྒྱལ་ཞེན་གུ་དོག་རིང་ལུགས་པར་པར་ངོས་འཛིན་བྱེད།

ཐེངས་འདིའི་སྔོན་འགྲོའི་འོས་བསྡུ་ལ་སྐོར་སྲོང་བས་དམ་དྲག་ཆེན་པོ་བྱས་ཡོད་ཅིང་། དེ་ནི་རེས་གཟའ་ཕུར་བུའི་དགོང་མོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་དྲག་སྤྱོད་པས་གཏོར་རྒོལ་བཏང་ཡོད། ཧྥ་རན་སིའི་ནང་སྲིད་བློན་ཆེན་གྱིས་བཤད་པ་ལྟར་ན། ཐེངས་འདིར་ཧྥ་རན་སིའི་མི་མང་བརྒྱ་ཆ་ ༦༩.༤༢ སྟེ་མི་གྲངས་ས་ཡ་ ༤༧ གྱིས་འོས་བསྡུའི་ཆ་ཤས་བླངས་ཡོད་ཀྱང་། ༢༠༡༢ ལོའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུ་དང་བསྡུར་ན་ཉུང་བ་ཆགས་ཡོད་འདུག

ད་ལོར་ཧྥ་རན་སིའི་སྲིད་འཛིན་འོས་མི་ ༡༡ ཡོད་ཀྱང་། འོས་མི་སྐུ་ཞབས་མཱེཀ་རོན་དང་ལྕམ་ལཱི་པེན་གཉིས་འོས་ཤོག་མཐོ་ཤོས་ཆགས་ཡོད་པ་དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་ ༥ ཚེས་ ༧ ཉིན་བྱ་རྒྱུ་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༢༤

Leave a Reply

One thought on “ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་སྔོན་འགྲོའི་གྲུབ་འབྲས།

  1. འདྲེ་མོ་ལཱི་པེན་ལགས་འོས་ཐོབ་པ་ཡིན་ན་དེ་གར་ཡོད་པའི་བོད་མི་དེ་དག་ལ་དཀའ་ངལ་ཆེན་བཟོས་སྲིད།