ཧྥ་རན་སིའི་སྲིད་འཛིན་ཚོགས་པར་གྲོས་ཚོཊ་ཀྱི་ཞབས་བཀྱག་མང་ཤོས་ཐོབ།

ཧྥ་རན་སིའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ཁྲོད་སྲིད་འཛིན་མེཀ་རོན་གྱི་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་སྲིད་འཛིན་འོས་མི་ལྕམ་མེ་རིན་ལི་པིན་ལགས་སོགས་བུད་མེད་ ༡༥༦ གྲོས་ཚོགས་འཐུས་མིའི་ནང་བདམས་ཐོན་བྱུང་སྟེ་ཧྥ་རན་སིར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བསྐྲུན།

ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་དགོང་མོར་ཕྱི་ལོ་ ༢༠༡༧ ལོའི་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་མདུན་སྐྱོད་ཚོགས་པའམསྲིད་འཛིན་ཚོགས་པར་གྲོས་ཚོགས་ཀྱི་ཞབས་བཀྱག་ ༣༥༠ བརྒལ་བ་ཐོབ་སྟེ། སྲིད་འཛིན་མེཀ་རོན་མཆོག་ནས་མ་འོངས་འཛིན་སྐྱོང་ཐད་བཏོན་པའི་དགོངས་འཆར་ཁག་ལག་བསྟར་ཡོང་བར་རྨང་གཞི་བརྟན་པོ་བཟོས་ཡོད་པ་རེད། ཡིན་ནའང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་འོས་འདེམས་ཀྱི་ཆ་ཤས་ལེན་མཁན་ཇེ་ཉུང་དུ་ཕྱིན་ཏེ། ད་ལོའི་དངོས་གཞིའི་འོས་བསྡུའི་ནང་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༥༨ ཀྱིས་འོས་འཕངས་མེད་པར་བརྟེན། ཧྥ་རན་སིའི་མི་མང་གིས་གྲོས་ཚོགས་ལ་ཡིད་ཆེས་བློ་གཏད་ཉམས་ཞན་དུ་གྱུར་བའི་རྣམ་པ་གསལ་པོ་ཞིག་ཏུ་ངོས་འཛིན་གྱི་འདུག

ད་ལན་གྱི་འོས་བསྡུའི་ཁྲོད་ (The Republicans )ཚོགས་པར་ཞབས་བཀྱག་ ༡༢༥ ལྷག་དང་། གཡོན་ཕྱོགས་སྤྱི་ཚོགས་རིང་ལུགས་ཚོགས་པར་ཞབས་བཀྱག་ ༤༩ ཡས་མས་ཐོབ། གཞན་ཡང་། སྲིད་འཛིན་འོས་མི་ཇན་ལག་མི་ལིན་ཆོན་(Jean-Luc Mélenchon)གྱི་གཡོན་ཐལ་ཚོགས་པར་ཞབས་བཀྱག་ ༡༦ ཐོབ་ཡོད་པ་རེད། ད་ལན་ལས་ཐོག་འཐུས་མི་ ༢༥༠ བསྐྱར་དུ་འོས་འགྲན་ནང་ཞུགས་རྒྱུ་མིན་པ་ཡོངས་བསྒྲགས་གནང་བར་བརྟེན། འཐུས་མི་གསར་པ་མང་པོ་ཞིག་བདམས་ཐོན་བྱུང་བའི་ནང་ནས་བརྒྱ་ཆ་ ༧༠ སྤྱི་ཚོགས་ཀྱི་གནས་རིམ་མཐོ་བོ་ནས་ཡིན་པ་དང་། ད་ལན་བུད་མེད་འཐུས་མིས་བརྒྱ་ཆ་ ༤༠ ཟིན་ཡོད་པ་ནི་ཧྥ་རན་སིའི་ལོ་རྒྱུས་ནང་གི་རྣམ་པ་གསར་པ་ཞིག་ཆགས་ཡོད་འདུག

སྤྱི་ཚོགས་རིང་ལུགས་ཚོགས་པའི་མགོ་འཁྲིད་ཇན་ཁིར་སི་ཊོ་ཧྥུ་ཁམ་བྷ་ཌི་ལི་སི་(Jean-Christophe Cambadélis)ལགས་ཀྱིས། སྤྱི་ཚོགས་རིང་ལུགས་ཚོགས་པར་འོས་བསྡུའི་ཁྲོད་ཕམ་ཉེས་བྱུང་སྟེ། ཧྥ་རན་སིའི་མི་མང་གིས་དབང་ཆ་ཡོད་ཚད་སྲིད་འཛིན་ལ་ཕུལ་ཡོད་སྐོར་དང་། གཡོན་ཕྱོགས་པའི་རྣམ་པ་དང་བསམ་བློར་ངེས་པར་དུ་འགྱུར་བ་ཞིག་གཏང་སྟེ་ལེའུ་གསར་པ་ཞིག་སྒོ་ཕྱེས་པ་ཡིན་ན། ད་བཟོད་རང་དབང་རིང་ལུགས་དང་མང་ཚོགས་རིང་ལུགས་གསར་པར་ཁ་གཏད་གཅོག་ཐུབ་སྐོར་བརྗོད་འདུག

ཡང་ད་ལན་གྱི་གྲོས་ཚོགས་འཐུས་མི་འོས་འདེམས་ནང་སྲིད་འཛིན་འོས་མི་ལྕམ་མེ་རིན་ལི་པིན(Marine Le Pen)ལགས་ལ་ཐོག་དང་པོར་གྲོས་ཚོགས་འཐུས་མིའི་རྒྱལ་ཁ་ཐོབ་ཡོད་པ་དང་། ལྕམ་མེ་རིན་ལི་པིན་ལགས་ཀྱིས་སྲིད་འཛིན་མེཀ་རོན་ལགས་ལ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་ཞབས་བཀྱག་མང་པོ་ཐོབ་ཡོད་ཀྱང་། སྲིད་འཛིན་ཁོང་གི་བསམ་འཆར་རྣམས་ལ་རྒྱལ་ནང་མང་མོས་ཐོབ་མེད་པ་དང་། རྒྱལ་ཁབ་ཉམས་ཆག་འགྲོ་བའི་བསམ་འཆར་དེ་དག་ལ་ཧྥ་རན་སིའི་མི་མང་གིས་རྒྱབ་སྐྱོར་བྱེད་མི་སྲིད་པ་ཁོས་ངེས་པར་དུ་ཤེས་རྟོགས་དགོས་སྐོར་བརྗོད་འདུག

ད་ལོའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་ཧྥ་རན་སི་གཞུང་གི་མགྲིན་ཚབ་པ་ཁིར་སི་ཊོ་ཧྥུ་ཁ་སི་ཊ་ནིར(Christophe Castaner)སོགས་མཐོ་རིམ་གཞུང་ཞབས་ ༦ མཉམ་ཞུགས་གནང་ཡོད་པ་དང་། སྲིད་འཛིན་མེཀ་རོན་མཆོག་གིས་གལ་སྲིད་སྲིད་གཞུང་གི་མཐོ་རིམ་ལས་བྱེད་འོས་བསྡུའི་ནང་མཉམ་ཞུགས་བྱས་ཏེ་འོས་མ་ཐོབ་པ་ཡིན་ན། ངེས་པར་དུ་གཞུང་ཞབས་ཀྱི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་གཏན་འབེབས་གནང་ཡོད་པར་བརྟེན། འོས་མི་ ༦ དེའི་ཞབས་བཀྱག་ཉེན་ཁའི་གནས་སུ་ལྷུང་ཡོད་ཀྱང་། ཁོང་ཚོ་ཚང་མ་གྲོས་ཚོགས་འཐུས་མིའི་ནང་བདམས་ཐོན་བྱུང་ཡོད་པ་མ་ཟད། མ་འོངས་པར་གྲོས་ཚོགས་ར་བའི་ནང་སྲིད་གཞུང་གི་འཐུས་ཚབ་ཅིག་ཏུ་འགྱུར་རྒྱུ་ཡིན་པ་རེད།

ཆབ་སྲིད་དཔྱད་ཞིབ་པ་ཚོས་ཧྥ་རན་སིའི་ནང་ཉེ་བའི་ལོ་གཅིག་ནང་ཆབ་སྲིད་དྲིལ་བསྒྲགས་དང་སྔོན་འགྲོའི་འོས་བསྡུ། འོས་བསྡུ་ཆེན་མོ་སོགས་འདས་པའི་ཟླ་ ༧ ནང་ཐེངས་བརྒྱད་ལ་འོས་བསྡུ་བྱས་པ་དང་། དེའི་ཁར་ཕྱི་ལོ་ ༢༠༠༢ ནས་བཟུང་སྲིད་འཛིན་ཀྱི་ལས་ཡུན་ལོ་ ༥ རུ་བསྒྱུར་བཅོས་བྱས་རྗེས། གྲོས་ཚོགས་འཐུས་མི་འོས་འདེམས་སྐབས་ཧྥ་རན་སིའི་མི་མང་གིས་སྲིད་འཛིན་ཚོགས་པར་འོས་ཤོག་བླུགས་པ་དེ་རྒྱུན་ལྡན་དུ་གྱུར་ཡོད་པ་དང་།  ད་ལན་སྲིད་འཛིན་ཚོགས་པར་ལོ་རྒྱུས་ནང་གི་རྒྱལ་ཁ་ཆེ་ཤོས་ཐོབ་ཡོད་ཀྱང་རྒྱལ་ཕམ་འདིའི་ཐོག་ནས་ཧྥ་རན་སིའི་མི་མང་གི་མ་འོངས་ཆབ་སྲིད་ཁ་ཕྱོགས་རབ་རུབ་ཅན་དུ་གྱུར་ཡོད་སྐོར་བརྗོད་འདུག་ལ། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་འོས་འཕེན་གྱི་ཆ་ཤས་ལེན་མཁན་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག ཕྱི་ལོ་ ༢༠༡༢ ལོའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་ཧྥན་རན་སིའི་མི་འབོར་ལས་བརྒྱ་ཆ་ ༤༢ ལྷག་གིས་འོས་བླུགས་མེད་པ་དང་། ད་ལོའི་སྔོན་འགྲོའི་འོས་བསྡུའི་ནང་བརྒྱ་ཆ་ ༥༡ གིས་འོས་བླུགས་མེད་པ། དངོས་གཞིའི་ནང་བརྒྱ་ཆ་ ༥༨ ཀྱིས་འོས་བླུགས་མེད་པར་བརྟེན། མི་མང་གིས་ཆབ་སྲིད་ལ་ཡིད་ཆེས་བརླག་པ་དང་གྲོས་ཚོགས་ལ་བློ་གཏད་ཀྱི་བསམ་བློ་རིམ་བཞིན་ཚད་དམའ་རུ་འགྲོ་ཡི་ཡོད་པ་གསལ་པོར་སྟོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༡༩

Leave a Reply

One thought on “ཧྥ་རན་སིའི་སྲིད་འཛིན་ཚོགས་པར་གྲོས་ཚོཊ་ཀྱི་ཞབས་བཀྱག་མང་ཤོས་ཐོབ།

  1. ཡང་ད་ལན་གྱི་གྲོས་ཚོགས་འཐུས་མི་འོས་འདེམས་ནང་སྲིད་འཛིན་འོས་མི་ལྕམ་མེ་རིན་ལི་པིན(Marine Le Pen)ལགས་ལ་ཐོག་དང་པོར་གྲོས་ཚོགས་འཐུས་མིའི་རྒྱལ་ཁ་ཐོབ་ཡོད་པ་དང་། ལྕམ་མེ་རིན་ལི་པིན་ལགས་ཀྱིས་སྲིད་འཛིན་མེཀ་རོན་ལགས་ལ་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་ཞབས་བཀྱག་མང་པོ་ཐོབ་ཡོད་ཀྱང་། སྲིད་འཛིན་ཁོང་གི་བསམ་འཆར་རྣམས་ལ་རྒྱལ་ནང་མང་མོས་ཐོབ་མེད་པ་དང་། རྒྱལ་ཁབ་ཉམས་ཆག་འགྲོ་བའི་བསམ་འཆར་དེ་དག་ལ་ཧྥ་རན་སིའི་མི་མང་གིས་རྒྱབ་སྐྱོར་བྱེད་མི་སྲིད་པ་ཁོས་ངེས་པར་དུ་ཤེས་རྟོགས་དགོས་སྐོར་བརྗོད་འདུག

    སྨྱོན་མོ་འདེམས་ཀ་མ་བྱེད་ན་རྒྱལ་ཁབ་ཉམས་ཆགས་ག་ལ་མཚོན་ཐུབ།