ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་ཨུ་རུ་སུས་ཐེ་གཏོགས་བྱེད་རྒྱུའི་ཉེན་འདུག

ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་བདུན་ཕྲག་གཅིག་ལས་མེད་པའི་སྐབས་སུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུས་དྲ་ལམ་བརྒྱུད་དེ་ཧྥ་རན་སིའི་འོས་བསྡུར་ཐེ་གཏོགས་བྱེད་རྒྱུའི་ཉེན་ཁ་ཡོད་ཚུལ་བརྗོད་འདུག

ཁ་སང་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་རཱི་ཅར་ཌི་བྷར་(Richard Burr)ལགས་ཀྱིས་ཨུ་རུ་སུས་ལྐོག་ནས་དྲ་ལམ་བརྒྱུད་དེ་ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་ཐེ་ཇུས་བྱེད་རྒྱུའི་ཉེན་ཁ་ཡོད་ཚུལ་བརྗོད་ཡོད་འདུག སྐུ་ཞབས་རཱི་ཅར་ཌི་ལགས་ནི་དེ་སྔ་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཨུ་རུ་སུས་ལྐོག་འཛུལ་བྱས་ཡོད་པའི་གླེང་ཉོག་ལ་ཞིབ་འཇུག་བྱེད་མཁན་དེ་ཡིན།

བདུན་ཕྲག་འདིའི་མགོར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་སྔོན་འགྲོའི་སྐབས། སྐུ་ཞབས་ཨེམ་མ་ནུལ་མེཀ་རོན་(Emmanuel Macron)ལགས་ཀྱི་འོས་བསྡུའི་ལས་འགུལ་ཐོག ཨུ་རུ་སུས་དྲ་ལམ་བརྒྱུད་དེ་བར་ཆད་གཏོང་ཐབས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཁ་སང་ཧྥ་རན་སིའི་གསར་ལམ་ཁག་ཏུ་ཨུ་རུ་སུས་ལྐོག་ནས་ཧྥ་རན་སིའི་འོས་མི་ལྕམ་མཱ་རེ་ནེ་ལཱ་པེན་(Marine La Pen)ལགས་ལ་རྒྱབ་སྐྱོར་དང་། སྐུ་ཞབས་མེཀ་རོན་ལ་བར་ཆད་གཏོང་རྒྱུའི་ཉེན་ཁ་ཡོད་ཚུལ་བཀོད་ཡོད།

ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་དངོས་གཞི་དེ་ཕྱི་ཟླ་ ༥ ཚེས་ ༧ ཡིན་པ་དང་། འོས་བསྡུའི་ཉི་མ་ཇེ་ཉེར་སོང་བ་དང་བསྟུན་ཏེ་ཧྥ་རན་སིའི་མང་ཚོགས་ཁྲོད་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱི་ལབ་གླེང་ལྟར། ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུར་ཡང་ཨུ་རུ་སུ་ལྐོག་འཛུལ་བྱེད་སྲིད་པར་སེམས་འཚབ་བྱེད་བཞིན་ཡོད་ཀྱང་། ཨུ་རུ་སུའི་གཞུང་གིས་གནས་ཚུལ་དེ་བདེན་པ་མ་རེད་ཅེས་ངོས་ལེན་བྱས་མེད།

ཨུ་རུ་སུས་ལྕམ་མཱ་རེ་ནེ་ལཱ་པེན་ལ་རྒྱབ་སྐྱོར་བྱེད་དོན་ནི། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་མོས་མཐུན་བྱེད་ཀྱི་མེད་པ་ལྟར། ལྕམ་ལཱ་པེན་གྱིས་ཀྱང་མོ་རང་ལ་སྲིད་འཛིན་རྒྱལ་ཁ་འཐོབ་ན་ཧྥ་རན་སི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་འབུད་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་(NATO)ལའང་ངོ་རྒོལ་བྱེད་བཞིན་ཡོད། ལྷག་པར་དུ་ཁོང་མོ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཁོའི་གཞུང་ལ་འབྲེལ་ལམ་ཤུགས་ཆེན་ཡོད།

ཟླ་སྔོན་མའི་ནང་ལྕམ་ལཱ་པེན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་བསྐྱོད་ཏེ་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཁོང་མོའི་འོས་བསྡུའི་ཁྱབ་བསྒྲགས་ཐད་དུའང་ཨུ་རུ་སུའི་ལྐོག་ནས་དཔལ་འབྱོར་རོགས་རམ་བྱེད་ཀྱིན་ཡོད་པའི་གླེང་གཞི་བྱུང་ཡོད།

སྲིད་འཛིན་པུ་ཊིན་གྱིས་ཁོ་མོར་ཐུག་འཕྲད་བྱས་རྗེས་ཧྥ་རན་སི་དང་ཨུ་རུ་སུའི་འབྲེལ་ལམ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་ཡོད། སྤྱིར་སྲིད་འཛིན་པུ་ཊིན་གྱིས་ཧྥ་རན་སིའི་སྲིད་འཛིན་འོས་མི་གཉིས་ལས་གང་ལའང་རྒྱབ་སྐྱོར་མེད་སྐོར་བརྗོད་ཡོད་ཀྱང་། ཆབ་སྲིད་གཡོ་ཁྱོམ་གྱི་སྣེ་དང་ཟུར་མང་པོ་ཞིག་ནས་པུ་ཊིན་གྱིས་སྐུ་ཞབས་ཨེམ་མ་ནུལ་མེཀ་རོན་ལས་ལྕམ་སྐུ་ཞབས་ལཱ་པེན་ལ་དགའ་ཞེན་ཡོད་པའི་རྣམ་འགྱུར་གསལ་བོ་ཆགས་ཡོད།

ཧྥ་རན་སིའི་དྲ་རྒྱའི་ཁེ་ལས་པ་ཞིག་གིས་སི་ཨན་ཨན་གསར་ཁང་ལ། “དེང་སྐབས་ཆབ་སྲིད་ཐད་དྲ་ལམ་བརྒྱུད་དེ་ཐེ་གཏོགས་བྱེད་པ་ཤུགས་ཆེ་རུ་ཕྱིན་ཡོད།” ཅེས་དང་། “ཉེ་ལམ་ཆབ་སྲིད་ཐོག་དྲ་ལམ་ནས་ཐེ་གཏོགས་བྱས་པའི་གླེང་གཞི་བྱུང་ཡོད། དེ་ད་རེབ་དང་པོ་མ་རེད། ”ཅེས་བརྗོད། ད་དུང་ཁོས་ “སྐུ་ཞབས་མེཀ་རོན་གྱི་རྒྱབ་སྐྱོར་བ་ཚོས་དྲ་ལམ་ཉེན་སྲུང་ཐོག་ནན་པོ་བྱ་རྒྱུ་གལ་ཆེན་པོ་རེད། དེ་སྔ་ལྕམ་ཧེ་ལ་རེ་ཁུ་ལེན་ཊོན་ (Hillary Clinton)དང་སྐུ་ཞབས་ཇཱོན་པཱོ་ཌིས་ཊ་(John Podesta)གཉིས་ཀྱི་གློག་འཕྲིན་ལ་བྱུང་བའི་གནད་དོན་དེ་ལྟ་བུ་ད་རེབ་སླར་ཡང་འབྱུང་འཇུག་གི་མ་རེད་བསམ་གྱི་འདུག ” ཅེས་བརྗོད་འདུག

ད་ལོའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་དེ་ནི་ཧ་ཅང་གནད་འགག་ཅིག་ཆགས་ཡོད། ཉེ་བའི་ལོ་ཤས་ནང་ཧྥ རན་སིར་ལས་མེད་ཀྱི་དཀའ་ངལ་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ལ་འགྱུར་ལྡོག་འགྲོ་ཐུབ་ཀྱི་མེད་པ་དང་། གློ་བུར་བའི་དོན་རྐྱེན་བསྟུད་མུར་བྱུང་སྟེ་སྤྱི་ཚོགས་བདེ་འཇགས་ཉེན་ཁར་བསླེབས་པ། དེ་བཞིན། ལོ་ཤས་གོང་ནས་གནས་སྤོ་བ་ཕོན་ཆེན་པོ་འབྱོར་ཏེ་ཧྥ་རན་སིའི་མཐའ་མཚམས་ཁག་ཟང་ཟིང་ཆགས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།

གསར་ལམ་ཁག་ཏུ། ད་ལོའི་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་སྔོན་འགྲོའི་སྐབས་དུས་ཡུན་རིང་བོར་རྒྱལ་ཁབ་འཛིན་སྐྱོང་བྱེད་མཁན་ཆབ་སྲིད་ཚོགས་པ་གཉིས་ལ་ཕམ་ཉེས་ཆེན་པོ་བྱུང་བ་ནི། ད་ཆར་ཧྥ་རན་སིའི་མང་ཚོགས་ཀྱིས་མ་འོངས་པར་རྒྱལ་ཁབ་བཅོས་སྒྱུར་ཆེན་པོ་ཞིག་གཏོང་རྒྱུར་རེ་བ་རྒྱག་གི་ཡོད་པའི་རྣམ་འགྱུར་མཚོན་ཡོད་སྐོར་འཁོད་ཡོད།

ལྕམ་ལཱ་པེན་གྱི་ལྟ་བ་ལངས་ཕྱོགས་དང་ལས་འཆར་སྲིད་བྱུས་སོགས་ལ་མང་པོ་ཞིག་སེམས་འཚབ་བྱེད་བཞིན་ཡོད་པ་མ་ཟད། ཡང་སྒོས་ད་ལྟའི་ཧྥ་རན་སིའི་གཞུང་འཛིན་ཆབ་སྲིད་ཚོགས་པས་ཁོ་མོ་ནི་ཉེན་ཁ་ཅན་ཞིག་ཏུ་མཐོང་གི་ཡོད་སྟབས། བསམ་ཚུལ་དེས་ལྕམ་ལཱ་པེན་གྱི་ཁ་གཏད་སྐུ་ཞབས་མེཀ་རོན་ལ་འོས་གྲངས་འཕར་རྒྱུའི་རེ་བ་ཡོད།

སྐུ་ཞབས་མེཀ་རོན་ལགས་ནི་ལོ་ན་གཞོན་གཞོན་དང་ལས་ཀར་ཧུར་བརྩོན་ཅན་ཞིག་ཏུ་མཐོང་གི་ཡོད་སྟབས། ཁོས་མགོ་ཁྲིད་དེ་མ་འོངས་པར་ཧྥ་རན་སི་ནི་མི་ཀུན་གྱིས་བསྟོད་བསྔགས་གཏོང་ཡུལ་ཞིག་དང་། ཡུ་རོབ་ནང་གི་སྔོན་ཐོན་རྒྱལ་ཁབ་ཅིག་བཟོ་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༣༠

Leave a Reply