ཧྥེ་ལེ་པིན་སྲིད་འཛིན་གྱི་མྱོས་རྫས་བཀག་སྡོམ་བཀའ་རྒྱ།

ཧྥེ་ལེ་པིན་གྱི་སྲིད་འཛིན་ཀྱིས་མྱོས་རྫས་བཀག་སྡོམ་བཀའ་རྒྱ་བསྒྲགས་ཏེ་འདས་པའི་ཟླ་དྲུག་ནང་ཉེན་རྟོག་པས་མི་དྲུག་སྟོང་ལྷག་བསད་ཡོད་པ་དང་། ད་ལྟ་ཉེན་རྟོག་པ་ལས་འགུལ་དེའི་ཁྲོད་ནས་ཕྱིར་འཐེན་བྱས་ཏེ་དམག་མིའི་འགན་འཁུར་རྒྱུ་དང་ཉེན་རྟོག་པའི་ལྐོག་ཟ་རུལ་སུངས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་འདུག

philippine-president-appointed-philippines-oathtaking-presidential-ceremony_b500474c-e7c3-11e6-a2d8-09470c086dd7

ཕྱི་ཚེས་ ༣༡ ཉིན། ཧྥེ་ལེ་པིན་(Philippine)རྒྱལ་ཁབ་ཀྱི་སྲིད་འཛིན་རོ་ཌི་རེ་གྷོ་ཌུཊིར་ཊ་ (Rodrigo Duterte)ཡིས་སྲིད་འཛིན་ཕོ་བྲང་དུ། དམག་མི་ཚོར་བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་ཚོགས་པའི་སྟེང་ “ངས་ཉེན་རྟོག་པ་ཚོ་མྱོས་རྫས་བཀག་སྡོམ་ལས་འགུལ་ནས་ཕྱིར་འཐེན་དང་མཚམས་འཇོག་བྱ་དགོས” ཞེས་བརྗོད་དེ། ལས་དོན་དེ་མ་འོངས་པར་རྒྱལ་ཁབ་མྱོས་རྫས་ལྟ་ཞིབ་ཁང་གིས་འགན་འཁུར་རྒྱུ་ཡིན་པ་དང་། དེ་ལ་དམག་དཔུང་གིས་ཀྱང་མཉམ་རུབ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཧྥེ་ལེ་པིན་གཞུང་གིས་འདས་པའི་ཟླ་བ་དྲུག་རིང་མྱོས་རྫས་སྤྱོད་མཁན་དང་ཚོང་འདྲེན་བྱེད་མཁན་སོགས་བཀག་སྡོམ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེ་ ༢༠༡༦ ལོའི་ཟླ་ ༧ པའི་ཚེས་ ༣༠ ཉིན་མགོ་བཙུགས་ཏེ་འདས་པའི་ཟླ་དྲུག་རིང་ཉེན་རྟོག་པ་ཚོས་མི་ ༦༠༠༠ ལྷག་བསད་ཡོད་འདུག

སྲིད་འཛིན་ཌུཊིར་ཊ་ཡིས་དེ་སྔོན་ཉེན་རྟོག་པ་ཚོར། མྱོས་རྫས་ཉོ་ཚོང་རིགས་དང་མྱོས་རྫས་སྤྱོད་མཁན་སུ་ཡིན་ཡང་། དཔྱད་ཞིབ་སོགས་ཅི་ཡང་མི་དགོས་པར་མེ་མདའ་བརྒྱབ་སྟེ་བསད་ཆོག་པའི་བཀའ་འཁྲོལ་སྤྲད་ཡོད་པ་མ་ཟད། གལ་ཏེ་མྱོས་རྫས་འཐབ་རྩོད་ཁྲོད་མི་གསོད་དོན་རྐྱེན་སོགས་གྱི་ནག་ཉེས་རིགས་ཕོག་ཚེ། ཁོ་རང་གིས་རྒྱབ་རོགས་ཡོད་སྐོར་ཡང་ཐེངས་མང་པོར་བཤད་ཡོད་འདུག

དེ་སྔོན་ཌུཊིར་ཊ་ཡི་མྱོས་རྫས་བཀག་སྡོམ་ལས་འགུལ་ཁྲོད་ཉེན་རྟོག་པ་ཚོས་མི་མང་གང་བྱུང་དམར་གསོད་གཏོང་བཞིན་པར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་འབྱུང་བཞིན་ཡོད་པ་དང་། ཉེན་རྟོག་པ་ཚོས་ནག་ཉེས་ཁ་གསལ་མེད་ཀྱང་ཁོ་ཚོའི་ཁེ་ཕན་ཆེད་དུའང་མི་གང་བྱུང་བསད་པའི་གནས་ཚུལ་ཡང་བྱུང་ཡོད་འདུག

ཉེ་སྔོན་ཉེན་རྟོག་པ་ཚོའི་བྱ་སྤྱོད་ཐོག་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་དང་། གནད་དོན་ཆེ་ཤོས་གཅིག་ནི། མྱོས་རྫས་བཀག་འགོག་ལྟ་ཞིབ་ཁང་གིས་དེ་སྔོན་ལྷོ་ཀོ་རི་ཡའི་ཚོང་པ་ཞིག་འཛིན་བཟུང་བྱས་ཏེ། རྗེས་སུ་ཁོ་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ནས་དམར་གསོད་བཏང་ཡོད་པ་དེ་ཡིན་འདུག དེ་བཞིན། ཉེན་རྟོག་པ་ཚོས་ནམ་རྒྱུན་མྱོས་རྫས་བཀག་སྡོམ་ལས་འགུལ་ལ་ཁ་གཡར་ཏེ། འཕྲོག་བཅོམ་དང་བཙན་ཤེད། དམར་གསོད་སོགས་ཀྱི་གནད་དོན་ཡང་ཡང་འབྱུང་བཞིན་ཡོད་སྟབས། ཐེངས་འདིར་སྲིད་འཛིན་གྱིས་ཉེན་རྟོག་པ་ཕྱིར་འཐེན་མི་བྱེད་ཐབས་མེད་ཆགས་པ་ཡིན་འདུག

ལས་འགུལ་དེ་ཐོག་མ་མགོ་འཛུགས་སྐབས་དུས་ཡུན་ད་ལོའི་ཕྱི་ཟླ་གསུམ་པའི་བར་ཡིན་ཚུལ་བསྒྲགས་ཡོད་ཀྱང་། ཐེངས་འདིར་དུས་ཚོད་འཕར་འགྱངས་བྱས་ཏེ་ལས་འགུལ་དེ་མཐའ་མའི་མཚམས་འཇོག་པའི་དུས་ཚོད་ ༢༠༢༢ ལོ་ཡིན་སྐོར་བསྒྲགས་ཡོད་འདུག

སྲིད་འཛིན་ཌུཊིར་ཊ་ཡིས་བཀའ་རྒྱ་དེ་བཏང་ནས་ཉིན་གཅིག་གི་རྗེས་སུ་ཁོས་ཉེན་རྟོག་པ་ཚོ་ནི་ “ལྐོག་ཟ་རུལ་སུངས་ཀྱི་གཙོ་གནད་དུ་གྱུར་ཡོད” ཅེས་བརྗོད་ཡོད་པ་དང་། ཁོས་ད་དུང་མི་འགྱངས་བར་མྱོས་རྫས་བཀག་སྡོམ་ལས་འགུལ་དེའི་ནང་ཞུགས་མཁན་ཉེན་རྟོག་པ་ཚོར་ཞིབ་བཤེར་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་ཡོད་འདུག

ན་ནིང་སྲིད་འཛིན་འོས་བསྡུའི་སྐབས། ཌུཊིར་ཊ་ཡིས་མི་མང་ལ་ཁོ་རང་གིས་ཧྥི་ལི་པིན་ནང་གི་མྱོས་རྫས་གནད་དོན་རིགས་རྩ་མེད་བཟོ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་མང་པོ་བྱས་པར་བརྟེན་ཏེ། ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཞིག་ཡིན་འདུག

སྲིད་འཛིན་གྱིས་ཕྱི་ཚེས་ ༣༡ ཉིན་གྱི་མཛད་སྒོའི་སྟེང་། མྱོས་རྫས་བཀག་སྡོམ་ལས་འགུལ་ནང་ཉེན་རྟོག་པ་ཚོ་ཕྱིར་འཐེན་བྱས་རྗེས། དེ་སྔའི་ཉེན་རྟོག་པ་ཚོའི་ལས་འགན་ཁ་ཤས་དམག་མིས་འཁུར་དགོས་ཚུལ་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཌུཊིར་ཊ་ཡིས་མྱོས་རྫས་བཀག་སྡོམ་ཁྲོད་ཉེན་རྟོག་པ་ཚོ་ཕྱིར་འཐེན་བྱས་ཡོད་ཀྱང་། མི་གསོད་པའི་གནད་དོན་དེ་མུ་མཐུད་འབྱུང་རྒྱུ་རེད། ཅེས་བརྗོད་ཡོད་འདུག

philippines-drug-crackdown_016428a6-e7c4-11e6-a2d8-09470c086dd7

མཉམ་འབྲེལ་རྒྱལ་ཚོགས་མྱོས་རྫས་དང་ཉེས་དོན་རྟོག་ཞིབ་ཚན་པ་(UNODC)ཡིས་བསྒྲགས་པ་ལྟར་ན། ཧྥེ་ལེ་པིན་ནི། ལྷོ་ཨེ་ཤ་ཡའི་ནང་གི་མྱོས་རྫས་སྤྱོད་ཚད་དང་ཚོང་རྒྱུག་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁོ་ཚོས་བེད་སྤྱོད་དང་ཚོང་སྒྱུར་བྱེད་བཞིན་པའི་མྱོས་རྫས་གཙོ་བོ་རིགས་གཉིས་ཡོད་ཅིང་། དེ་ནི་མཱེ་ཐམ་ཧྥོ་ཊཱ་མཱེན་(methamphetamine hydrochloride)ཞེས་པའི་རླངས་འགྱུར་རིགས་ཀྱི་མྱོས་རྫས་ཤིག་དང་། གཞན་དེ་ནི་སོ་མ་ར་ཛའི་རྡོ་ཐ་( marijuana)ཡིན་པ་དང་། མྱོས་རྫས་དེ་གཉིས་ཀ་རྒྱལ་སྤྱིའི་ཐོག་བཀག་སྡོམ་བྱས་ཡོད་པའི་ཁྲིམས་འགལ་ཚོང་རྫས་ཆགས་ཡོད་པ་རེད།

སངས་རྒྱས་དཀོན་མཆོག

 

 

བསྐྱར་བཅོས།: ༢༠༡༧/༠༢/༠༢

Leave a Reply