ཨ་རི་དང་ཉི་ཧོང་གི་གྲུ་གཟིངས་གདོང་ཐུག་བརྒྱབ།

ཨ་རིའི་མཚོ་དམག་གྲུ་གཟིངས་ཤིག་དང་ཉི་ཧོང་གི་ཚོང་ཟོག་སྐྱེལ་འདྲེན་གྲུ་གཟིངས་གཉིས་ཀྱིས་གདོང་ཐུག་བརྒྱབ་སྟེ་ཨ་རིའི་མི་ ༣ ལ་རྨས་སྐྱོན་དང་མི་ ༧ གར་སོང་ཆ་མེད་ཆགས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མདང་ནུབ་མཚན་སྨད་ཉི་ཧོང་གི་ཆུ་ཚོད་ ༢་༣༠ སྟེང་། ཉི་ཧོང་གྲོང་ཁྱེར་(Nagoya)དང་རྒྱལ་ས་ཊོ་ཀེ་ཡོ་(Tokyo)བར་གྱི་བྲེལ་འཚབ་ཆེ་བའི་ཚོང་ལམ་མཚོ་ཁུལ་ཞིག་ཏུ། ཨ་རིའི་མཚོ་དམག་གྲུ་གཟིངས་(Navy Destoryer, USS Fitzgerad)ཞེས་པ་དང་། ཉི་ཧོང་གི་ཚོང་ཟོག་སྐྱེལ་འདྲེན་གྲུ་གཟིངས་(ACX Crystal)ཞེས་པ་གཉིས་གདོང་ཐུག་བརྒྱབ་སྟེ། ཕྱོགས་གཉིས་ཀར་ཆག་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། ཨ་རིའི་མཚོ་དམག་གྲུ་གཟིངས་དེར་གནོན་སྐྱོན་ཚབས་ཆེན་ཐེབས་ཏེ། ཁ་ལོ་བ་གཙོས་པའི་མི་ ༣ ལ་རྨས་སྐྱོན་དང་མི་ ༧ གར་སོང་ངེས་མེད་ཆགས་ཡོད་འདུག

ཨ་རིའི་གྲུ་གཟིངས་དེའི་ལས་བྱེད་ཅིག་གིས་བརྗོད་པ་ལྟར་ན། རྨས་མ་རྣམས་ཐད་འཕུར་གནམ་གྲུར་བཞག་སྟེ་ཉི་ཧོང་གྲོང་ཁྱེར་(Yokosuka)ནང་བརྟེན་གཞི་བྱས་བའི་ཨ་རིའི་མཚོ་དམག་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱས་ཡོད་འདུག

ཨ་རིའི་མཚོ་དམག་གྲུ་གཟིངས་ཀྱི་གཡས་ཕྱོགས་སུ་ཆག་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། ཧྥི་ལི་ཕིན་(Philippine)གྱི་རྒྱལ་དར་བསྒྲེང་བའི་ཉི་ཧོང་གི་གྲུ་གཟིངས་དེའི་གདོང་སྣེར་ཆག་སྐྱོན་གང་འཚམ་བྱུང་ཡོད་ཀྱང་། ད་ལྟ་གྲུ་གཟིངས་དེ་གཉིས་ཕན་ཚུན་ཁ་གྱེས་ཏེ་འཐོན་རྩིས་ཡོད་པ་དང་། གདོང་ཐུག་སྐབས་ཨ་རིའི་གྲུ་གཟིངས་དེའི་ཁ་ཕྱོགས་གསལ་བོ་མེད་ཀྱང་། གྲུ་གཟིངས་དེའི་ལས་བྱེད་ཚོས་རྡབ་སྐྱོན་མ་ཤོར་གོང་ནས་གྲུ་གཟིངས་ནང་ཆུ་ཡོང་གི་ཡོད་སྐོར་བརྗོད་ཡོད་པ་དང་། ཉི་ཧོང་གི་གྲུ་གཟིངས་དེ་ནམ་རྒྱུན་ཉི་ཧོང་གྲོང་ཁྱེར་(Nagoya)ནས་རྒྱལ་ས་ཊོ་ཀེ་ཡོ་(Tokyo)བར་ཚོང་ཟོག་སྐྱེལ་འདྲེན་བྱེད་མཁན་ཞིག་ཡིན་འདུག

ཐེངས་འདིར་གདོང་ཐུག་རྒྱག་ས་དེ་ནམ་རྒྱུན་གྲུ་གཟིངས་ཀྱིས་བྲེལ་ཟིང་ཆེ་བ་དང་། ཨ་རིའི་མཚོ་དམག་གྲུ་གཟིངས་དེ་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་དམག་རྒྱག་གྲུ་གཟིངས་ཤིག་ཡིན་པ་དང་། གདོང་ཐུག་གི་ནོར་འཁྲུལ་སུ་ལ་ཡོད་མེད་ད་དུང་གསལ་ཁ་བྱུང་མེད་ཀྱང་། ཉི་ཧོང་མཚོ་གླིང་ལྟ་སྲུང་རུ་ཁག་གིས་བརྗོད་པ་ལྟར་ན། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་རྒྱལ་དར་བསྒྲེང་བའི་གྲུ་གཟིངས་དེའི་འཁྱོགས་ཚད་ ༣༠༠༠༠ ཡིན་པ་དང་། གྲུ་གཟིངས་དེ་ཨ་རིའི་མཚོ་དམག་གྲུ་གཟིངས་ལས་ལྡབ་གསུམ་གྱིས་ཆེ་བ་ཡོད་འདུག

ཨ་རིའི་མཚོ་དམག་གྲུ་གཟིངས་(USS Fitzgerad)ཞེས་བ་དེ་ནི་ཕྱི་ལོ ༡༩༩༣ ཟླ་ ༢ པའི་ཚེས་ ༣ ཉིན་ནས་བཟོ་མགོ་བརྩམས་ཏེ་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༡ པའི་ཚེས་ ༢༩ ཉིན་ལེགས་འགྲུབ་བྱུང་ཡོད་པ་དང་། གྲུ་གཟིངས་དེའི་མིང་ལ་(Fitzgerald)ཞེས་འདོག་དོན་ཨ་རིའི་མཚོ་དམག་སྐུ་ཞབས་ཝེ་ལཱམ་ཧྥི་རྫི་(William Charles Fitzgerald)ལགས་སུ་རྗེས་དྲན་བྱས་པ་ཞིག་ཡིན་འདུག

མཚོ་དམག་གྲུ་གཟིངས་(USS Fitzgerald)ཅེས་བ་ནི་ཨ་རིའི་གཞུང་གིས་འཕུར་མདའི་འཇབ་རྒོལ་བཀག་འགོག་ཆེད་བཟོས་པའི་གྲུ་གཟིངས་རྩེ་གྲས་ ༡༥ ཡོད་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཕྱི་ལོ་ ༢༠༠༤ ཟླ་ ༩ པའི་ཚེས་ ༣༠ ཉིན་ད་ལྟའི་གནས་ཡུལ་ཉི་ཧོང་གྲོང་ཁྱེར་(Yokosuka)ཞེས་བར་བཏང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༡༧

Leave a Reply