ཨ་རིའི་གསང་བའི་ལས་བྱེད་ཅིག་གིས་སི་རི་ཡའི་དྲག་སྤྱོད་པར་གཉེན་སྒྲིག་བྱས།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་བུད་མེད་ཅིག་གིས་སི་རི་ཡའི་འཇིགས་སྐུལ་དྲག་སྤྱོད་པ་ཞིག་ལ་རྗེས་འདེད་བཏང་མཐར་ཁོ་གཉིས་གཉེན་སྒྲིག་བྱས་ཡོད་པ་དང་། རྗེས་སུ་ཁོ་མོ་ཕྱིར་ཨ་རིར་ལོག་ཡོད་ཀྱང་མི་མང་པོ་ཞིག་གིས་དོགས་པ་བྱེད་བཞིན་ཡོད་འདུག

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འཇར་མན་སྐད་སྒྱུར་བ་དང་འཇིགས་སྐུལ་དྲག་སྤྱོད་པར་ཞིབ་འཇུག་བྱེད་མཁན་ལྕམ་ཌ་ནི་ལཱ་གྷི་རེན་(Daniela Greene)ཟེར་བ་དེས་ ༢༠༡༤ ལོའི་ཟླ་ ༦ པའི་ནང་ཨ་རིའི་གསང་བའི་ལས་ཁུངས་ལ་མགོ་སྐོར་བཏང་སྟེ། སི་རི་ཡར་ཕྱིན་ཏེ་(Syria)ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་གཙོ་གྲས་ཌི་ནི་སི་ཀུ་སི་པིར་ཊི་(Denis Cuspert)ཟེར་བ་དེར་གཉེན་སྒྲིག་བྱས་ཡོད་འདུག

ཨ་རིའི་ཁྲིམས་དཔོན་གྱིས་གྷི་རེན་དང་འབྲེལ་བའི་གནས་ཚུལ་རྣམས་གསང་རྒྱ་བྱེད་དགོས་པའི་བཀའ་བཏང་བ་ལྟར། ད་ལྟའི་བར་གནས་ཚུལ་དེ་གསང་བ་བྱས་ཡོད་ཀྱང་། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་གསང་བ་ཕྱིར་ཤོར་ཡོད་འདུག

ཌ་ནི་ལཱ་གྷི་རེན་དང་ཌི་ནི་སི་ཀུ་སི་པིར་ཊི་གཉིས་ཐོག་མ་སྤྱི་ཚོགས་དྲ་ལམ་སི་ཁབ་ཕི་(Skype)བརྒྱུད་དེ་འབྲེལ་བ་བྱུང་ཡོད་པ་དང་། ༢༠༡༤ ལོར་གྷི་རེན་གྱིས་རང་གི་ངོ་ཤེས་གྲོགས་པོ་ཚོར་ཁོ་མོ་འཇར་མན་ནང་ཕ་མར་ཐུག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་དེ་ཕྱིན་ཡོད་པ་དང་། ཁོ་མོ་ཊར་ཀེ་དང་སི་རི་ཡའི་ས་མཚམས་ནས་ཁ་ཆེ་དྲག་སྤྱོད་པའི་རོགས་རམ་འོག་སི་རི་ཡར་ཕྱིན་ཡོད་འདུག

ཁོ་མོ་འཇིགས་སྐུལ་དྲག་སྤྱོད་པ་དེར་གཉེན་སྒྲིག་བྱས་ཏེ་བདུན་ཕྲག་གཅིག་གི་རྗེས་སུ་ཁོ་མོའི་གྲོགས་པོ་ཞིག་ལ་ཡི་གེ་བཏང་བའི་ནང་། “ང་ལ་ནོར་འཁྲུལ་ཆེན་པོ་ཤོར་འདུག ང་འདི་ནས་ཐར་ཐབས་མི་འདུག ང་ཁོར་ཡུག་ཞེད་སྣང་ཅན་ཞིག་ཏུ་ལྷུང་སོང་། ང་ཁོར་ཡུག་འདིའི་ནང་ག་ཚོད་ལྷག་རྒྱུ་ཡིན་མིན་མི་ཤེས། འོན་ཀྱང་། ད་ནི་བྱ་ཐབས་གང་ཡང་མི་འདུག ཡོད་ཚད་ཚང་མ་བྱུང་ཚར་བ་རེད། ང་རང་ཨ་རིར་ལོག་ཀྱང་བཙོན་ཁང་ནང་ལྷག་རྒྱུ་ལས་གང་ཡང་མེད། མི་ཚེ་ཟེར་བ་ནི་དེ་འདྲ་ཡིན་གྱི་རེད། འོན་ཀྱང་། ཉིན་ཞིག་དེ་ནས་མཐར་ཏེ་ཨ་རིར་ལོག་ཐུབ་ན་བསམ་གྱི་འདུགཅེས་འཁོད་ཡོད་འདུག

༢༠༡༤ ཟླ་ ༨ པའི་ནང་ཁོ་མོ་སི་རི་ཡ་ནས་སླར་ཨ་རིར་ཕྱིར་ལོག་ཐུབ་ཡོད་འདུག ཁོ་མོ་སི་རི་ཡའི་བཙན་ས་ནས་ཇི་ལྟར་བྲོས་མཐར་བྱུང་བའི་སྐོར་སུ་ལའང་བཤད་མེད་པ་དང་། ཁོ་མོ་ཨ་རིར་འབྱོར་རྗེས་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ༢༠༡༦ ལོའི་ཟླ་ ༨ པར་ཁོ་མོ་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་འདུག་ཀྱང་། མི་མང་པོ་ཞིག་གིས་གྷི་རེན་སི་རི་ཡར་བསྐྱོད་པ་དང་། ཕྱིར་ཨ་རིར་ལོག་ཐུབ་པ་སོགས་ལ་དོགས་པ་བྱེད་བཞིན་ཡོད་ལ། ཨ་རིའི་གཞུང་འབྲེལ་མི་སྣ་གཙོ་གྲས་ཤིག་གིས་ཀྱང་ཁོ་མོས་ཨ་རིའི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པར་དོགས་པ་ཡོད་སྐོར་བརྗོད་ཡོད་འདུག

ནུབ་ཕྱོགས་པའི་མི་ཞིག་སི་རི་ཡའི་ནང་བསྐྱོད་རྒྱུ་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་ལ། ཉེ་བའི་ལོ་ཤས་ནང་སི་རི་ཡའི་ཁ་ཆེ་དྲག་སྤྱོད་པ་ཚོས་ནུབ་ཕྱོགས་པའི་མི་སེར་མང་པོ་ཞིག་གི་མགོ་བོ་བཅད་པའི་གནས་ཚུལ་ཐོན་ཡོད། གྷི་རེན་ནི་ཨ་རིའི་མི་སེར་དང་ལྷག་པར་དུ་བུད་མེད་ཅིག་ཡིན་པ་དང་། ཡང་སྒོས་ཁོ་མོ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་མི་སྣ་ཞིག་ཡིན་ཡང་། སི་རི་ཡར་བདེ་འཇགས་ངང་བསྐྱོད་ཡོད་པ་མ་ཟད། དྲག་སྤྱོད་པ་གཏེ་བོ་ཞིག་ལ་གཉེན་སྒྲིག་བྱས་ཤིང་། རྗེས་ལ་ཕྱིར་བདེ་འཇགས་ནང་ཨ་རིར་འབྱོར་ཡོད།

གྷི་རེན་གྱིས་ཨ་རིའི་གཞུང་ལ། ཁོ་མོས་ཀུ་སི་པིར་ཊི་ལ་ཨ་རིས་དོ་སྣང་ཆེན་པོའི་ཐོག་ཁོ་བོ་མིག་འབེན་བྱེད་ཀྱིན་ཡོད་ཚུལ་བརྗོད་ཡོད་སྐོར་བཤད་ཡོད་པ་མ་ཟད། ཁོ་མོས་ང་རང་ཨ་རིའི་གསང་བའི་ལས་ཁུངས་ལ་ལས་ཀ་བྱེད་མཁན་ཞིག་གིས་བྱ་བ་མི་འོས་པ་ཞིག་བྱས་སོང་བར་བརྟེན། བཙོན་འཇུག་ཁྲིམས་ཐག་ལོ་གཉིས་ཙམ་ལས་མ་བཅད་པའི་གནས་ཚུལ་དེས་མང་ཚོགས་ཧང་སང་འཇུག་གི་རེད།ཅེས་ལས་ཁུངས་ཀྱི་མཐོང་ལ་བརྩི་འཇོག་ཡོད་ཚུལ་བརྗོད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཇཱེན་ཀར་བྷེ་(John Kirby)ལགས་ཀྱིས། མང་ཚོགས་ཀྱིས་གྷི་རེན་གྱི་གནད་དོན་དང་འབྲེལ་ཏེ་ཨ་རིའི་གསང་བའི་ལས་ཁུངས་ལ་སྐྱོན་བརྗོད་ཡོང་ངེས་ཡིན་པ་མ་ཟད། གསང་བའི་ལས་ཁུངས་ངོ་ཚ་ཁ་སྐྱེངས་ཆགས་ངེས་རེད།ཅེས་བརྗོད་འདུག

སི་ཨིན་ཨིན་གསར་ཁང་ལ་རེག་པའི་ཁྲིམས་ཁང་གི་ཡིག་ཆའི་ནང་། གྷི་རེན་གྱི་ནག་ཉེས་ཆེན་པོ་ཡིན་པས་ཉེས་ཆད་ལྕི་མོ་གཅོད་དགོས་ཀྱང་ཁོ་མོས་རང་གི་ནག་ཉེས་ངོས་ལེན་བྱས་ཤིང་། དེར་འགྱོད་སེམས་ཆེན་པོས་ཁོ་མོར་བྱུང་བའི་གནས་ཚུལ་ཡོངས་རྫོགས་སྦ་གསང་མེད་པར་དྲང་པོར་བཤད་ཡོད་སྟབས། ཁོ་མོའི་ཉེས་ཆད་ལ་ཆག་ཡང་བྱུང་བ་ཡིན་སྐོར་བཀོད་ཡོད་འདུག

ཁ་སང་སི་ཨིན་ཨིན་གསར་ཁང་གིས་གྷི་རེན་དང་ཀུ་སི་པིར་ཊི་གཉིས་ཀྱི་ལོ་རྒྱུས་བཀོད་པ་ལྟར་ན། གྷི་རེན་ནི་ཡུ་རོབ་ཅཱེཀ་ཀོས་ལོ་ཝ་ཀི་ཡཱ་(Czechoslovakia)ཞེས་པའི་རྒྱལ་ཁབ་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་ས་འཇར་མན་ཡིན་འདུག ཁོ་མོ་ནར་སོན་རྗེས་ཨ་རིའི་དམག་མི་ཞིག་དང་གཉེན་སྒྲིག་བྱས་ཤིང་། རྗེས་སུ་ཨ་རིར་གཏན་དུ་གནས་སྤོ་བྱས་ཡོད་པ་མ་ཟད། ཨ་རིའི་ཀེ་མཱི་རཱོན་གཙུག་ལག་སློབ་གྲྭ་(Cameron University)ནང་ལོ་རྒྱུས་ལ་སློབ་གཉེར་བྱས་ཏེ་གཙུག་ལག་རབ་འབྱམས་པ་ཐོན་ཡོད་འདུག ཁོ་མོ་འཇར་མན་སྐད་ལ་བྱང་ཆ་ཡོད་སྟབས་ ༢༠༡༡ ལོར་ཨ་རིའི་གསང་བའི་ལས་ཁུངས་ཀྱི་སྐད་སྒྱུར་བའི་ལས་བྱེད་པར་བསྐོས་ཡོད་པ་དང་། ༢༠༡༤ ལོར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཁོ་མོ་སི་རི་ཡའི་ནང་གི་དྲག་སྤྱོད་པ་ཀུ་སི་པིར་ཊི་ལ་ཞིབ་འཇུག་བྱེད་དགོས་པའི་ལས་འགན་སྤྲད་ཡོད་འདུག ཁོ་མོ་ད་ལྟ་རང་ལོ་ ༣༨ ཟིན་ཡོད་འདུག

དྲག་སྤྱོད་པ་ཀུ་སི་པིར་ཊི་ནི་འཇར་མན་གྱི་མི་སེར་ཡིན་པ་དང་། བར་སྐབས་ཤིག་རང་དར་སྲོལ་ཆེ་རཱེབ་(Rap)ཞེས་པའི་གླུ་དབྱངས་ལེན་མཁན་ཞིག་ཡིན་འདུག ༢༠༠༦ ལོར་ཁོའི་གླུ་གཞས་རྣམས་སྐད་གྲགས་ཆེན་པོ་ཆགས་ཏེ། ཁོ་རང་སྤྱི་ཚོགས་ནང་མིང་གྲགས་ཡོད་མཁན་ཞིག་ཆགས་ཡོད་ཀྱང་། ༢༠༡༠ ལོར་ཁོ་རང་རླངས་འཁོར་བརྡབ་སྐྱོན་བྱུང་རྗེས་གློ་བུར་དུ་ཁ་ཆེ་ཆོས་ལུགས་སུ་བསྒྱུར་ཡོད་པ་དང་། ༢༠༡༡ ལོར་གླུ་གཞས་ཀྱི་འཁོར་ཐག་ཅིག་བཏོན་ཡོད་པའི་ནང་གི་གླུ་མང་ཆེ་བ་ཁ་ཆེ་ཆོས་ལུགས་ལ་བསྟོད་པ་དང་། གླུ་གཞས་གཅིག་དྲག་སྤྱོད་པ་ཨོ་ས་བྷིན་ལ་ཌིན་(Osama Bin Laden)ལ་བསྟོད་བསྔགས་བྱས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཟུར་བ་བྷ་རཀ་ཨོ་བྷ་མ་(Barack Obama)ཡི་མགོ་གཅོད་རྒྱུའི་གླུ་གཞས་ཤིག་ཀྱང་བཏང་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༠༦

Leave a Reply

3 thoughts on “ཨ་རིའི་གསང་བའི་ལས་བྱེད་ཅིག་གིས་སི་རི་ཡའི་དྲག་སྤྱོད་པར་གཉེན་སྒྲིག་བྱས།

  1. རྣམ་རྒྱལ་རྡོ་རྗེ།

    མགོ་སྟོང་མ་དེ་ལ་ཁག་མི་འདུག ཕོ་གསར་ངོ་མ་རྫིག་པོ་འདུག སྤྱིར་བཏང་བུད་མེད་ག་འདྲ་ཞིག་ཡིན་ནའང་བརྩེ་དུང་གི་བསླི་བྲིད་འོག་ནས་ཕམ་ཁ་ཆེན་པོ་ཉོ་བཞིན་ཡོད་པ་རེད། གནད་དོན་འདི་སྐྱེས་པ་ཚོ་ལས་བུད་མེད་ལ་མང་བ་བྱུང་བཞིན་ཡོད་པ་རེད།

  2. ཨ་ཁ་ཨ་རིག་ཟེར་བ་དེ་གྲགས་ཆེ་ཡང་རང་ཚུགས་དང་རང་ནུས་རྨང་ནས་ཤོར་བའི་སྔ་ལྟས་མང་པོ་སྟོན་གྱི་འདུག །