ཨ་རིའི་གྲོས་ཚོགས་སྐུ་ཚབ་བཞུགས་སྒར་དྷ་རམ་ས་ལར་འབྱོར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢།༣༠ སྟེང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)མཆོག་གིས་སྣེ་འཁྲིད་འོག ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལའི་གྷ་གྷིལ་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཅས་ཕེབས་བསུར་བཅར་འདུག

ལྕམ་ནན་སེ་པེ་ལོ་སི་མཆོག་གིས་དབུ་འཁྲིད་པའི་ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཚབ་ཚོགས་པ་དེར་ཁྱོན་ཚོགས་མི་ ༣༩ ཡོད་པ་དང་། གྷ་གྷིལ་གནམ་ཐང་ནས་ཐད་ཀར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བསྐྱོད་དེ། བོད་མིའི་འདི་ཕྱིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་ཉིན་གུང་གསོལ་ཚིགས་མཆོད་རྒྱུ་དང་། དེའི་རྗེས་དྷ་སྟེང་བོད་ཁྱིམ་དུ་གཟིགས་སྐོར་དང་། དེའི་རྗེས་གངས་སྐྱིད་དུ་ཕེབས་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མཇལ་འཕྲད་དང་། ཕྱི་དྲོར་བོད་ཀྱི་ཟློས་གར་ཁང་དུ་འཁྲབ་སྟོན་ལ་གཟིགས་མོ་གནང་རྒྱུ་ཡིན་པ་རེད།

སང་ཉིན་ཞོགས་པར་བཞུགས་སྒར་དྷ་རམ་ས་ལ་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་དང་ལྷན་དུ་ཞོགས་ཇ་མཆོད་རྒྱུ་དང་། སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་༧རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པར་ཕེབས་བསུའི་མཛད་སྒོ་ཞིག་འཚོགས་རྒྱུ་ཡིན་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༩

Leave a Reply

One thought on “ཨ་རིའི་གྲོས་ཚོགས་སྐུ་ཚབ་བཞུགས་སྒར་དྷ་རམ་ས་ལར་འབྱོར།

  1. སྲས་སྐུ་ངོ་།

    ངྷ་ས། ལྕམ་ནན་སེ་པེ་ལོབ་སེ་ལགས་ཀྱིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་བདུན་གྱི་མིང་།
    McGovern, Betty McCollum, Judy Chu, Joyce Beatty, Jim Sensenbrenner, Eliot Engel དང་Pramila Jayapal་བཅས་སོ།