ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་གྱི་ཐེངས་དང་པོའི་འཐབ་རྩོད།

བྷེ་བྷེ་སི་གསར་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་བ་ཐེངས་དང་པོར་ཨེ་ཤ་ཡའི་ནང་རྒྱལ་དོན་སྐོར་སྐྱོད་བྱས་ཡོད་པ་དང་། རྒྱལ་ཁབ་དེ་དག་དང་ཨ་རིའི་བར་གྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་པའི་སྐོར་གྱི་དབྱེ་ཞིབ་རང་བཞིན་གྱི་གསར་འགྱུར་ཞིག་སྤེལ་ཡོད་པ་འདིར་བཀོད་ཡོད།

བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་དོན་གྱི་གྲིབ་ཡོར་འོག ཨ་རིའི་ཕྱི་སྲིད་དྲུང་ཆེ་རེ་ཁི་སི་ཊེ་ལིར་སོན་ (Rex Tillerson) ལགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་བྱེད་ཀྱིན་ཡོད་ཀྱང་། ཁོང་ལ་དེ་སྔ་ཆབ་སྲིད་ཐོག་ཉམས་མྱོང་ཆེན་པོ་མེད།

གཅིག་བྱས་ན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ནི་ཨ་རིའི་བརྟན་ལྷིང་ཐད་གྱི་ཉེན་ཁ་ཆེ་ཤོས་དེ་ཡིན་སྲིད། ད་ཆར་ཨ་རྒྱ་གཉིས་གྱི་འབྲེལ་ལམ་ལ་གཡོ་སྐྱོམ་ཐེབས་ཀྱིན་ཡོད་ལ། དེའི་ཆ་ཤས་ཤིག་སྐུ་ཞབས་ཊེ་ལིར་སོན་ཁོ་རང་གི་གཏམ་བརྗོད་དག་དང་འབྲེལ་བ་ཡོད། ཁོས་ཐེངས་དང་པོར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་འཛུགས་རྒྱུར་ཚོད་ལྟ་བྱས་པ་དེ་ནི། ནུས་ཤུགས་ལྡན་པའི་དྲག་ཆས་སྨན་རྫས་ལྟ་བུ་ཆགས་ཡོད། གནད་དོན་དེ་རྡོ་སྣུམ་གྱི་བདག་པོ་ཟུར་བར་འབྲེལ་བ་ཡོད་དམ།

ཕྱི་བྲེལ་མི་སྣ་མཐོ་ཤོས་དང་ཉམས་ཆུང་ཤོས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་ཕྱི་སྲིད་དྲུང་ཆེར་བསྐོས་པའི་ཟླ་དང་པོ་ཧྲིལ་བོ་དང་། ཕྱི་སྲིད་ལས་ཁུངས་ནང་བསླེབས་ནས་ད་ལྟའི་བར། ཁོ་རང་ཧ་ཅང་ཉམས་ཆུང་ངང་བསྡད་དེ། གཟའ་འཁོར་ ༦ རིང་གསར་འགོད་གསལ་བསྒྲགས་སོགས་གང་ཡང་སྤེལ་མེད། ཁོས་ཕྱི་སྲིད་ལྷན་ཁང་གི་ལས་དོན་མ་གཏོགས་གནད་དོན་གཞན་དག་ཐོག་གསར་འགོད་པའི་དྲི་བ་དང་ལེན་བྱེད་མི་ཆོག་སྟབས། ཐེངས་འདིར་ཁོ་རང་ཨེ་ཤ་ཡའི་ནང་སྐོར་སྐྱོད་བྱེད་སྐབས་ཀྱང་། གསར་འགོད་པ་མང་པོས་ཁོང་ལ་རེ་བ་ཞུས་ཀྱང་དང་ལེན་བྱས་མེད།

ཨ་རིའི་སྤྱི་མཐུན་ཚོགས་པའི་རང་དབང་བསྐྱར་ཞིབ་གསར་གནས་ནི་ཁྱབ་ཆུང་བའི་བརྒྱུད་ལམ་ཞིག་ཡིན་སྟབས། སྐུ་ཞབས་ཊེ་ལིར་སོན་ལགས་ཀྱིས་གསར་ཁང་དེའི་གསར་འགོད་པར་ཐུག་འཕྲད་བྱས་ཆོག་སྐོར་བཤད་ཡོད། གསར་འགོད་པ་མཱ་ཁི་ཕེ་ཀི་ (Erin McPike) ལགས་ཀྱིས་སྐུ་ཞབས་ཊེ་ལིར་སོན་གྱི་གནས་ཚུལ་ཐུང་ཐུང་ཞིག་བྲིས་པ་དེ་ནི་ཕོ་བྲང་དཀར་པོས་རྡོ་སྣུམ་དང་སོལ་རླངས་ཐོན་སྐྱེད་ཐོག་འཛིན་པའི་ལྟ་ཚུལ་དང་འབྲེལ་བ་ཡོད།

སྐུ་ཞབས་ཊེ་ལིན་སོན་གྱི་ཐེངས་འདིའི་སྐོར་སྐྱོད་གལ་ཆེན་ཆགས་དོན་ནི། སྲིད་འཛིན་ཊི་རུམ་ཕིའི་གཏམ་བརྗོད་ཀྱིས་རྙོག་འཛིང་བཟོས་ཡོད་པའི་ཡུལ་ལུང་དག་ལ་འབྲེལ་བ་འཛུགས་དགོས་པ་དེ་རེད། ཊི་རུམ་ཕིས་ཊི་ཝི་ཊི་ (tweet) ཐོག་རྒྱ་ནག་ནི་ཨ་རིའི་སེམས་ཁྲལ་ཞིག་ཏུ་གྱུར་ཡོད་ཚུལ་བཤད་ཡོད་ལ། རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་དུ་དྲག་ཆས་དམག་དཔུང་གི་རྟེན་གཞི་བཙུགས་པར་ཁ་རྡུང་བཏང་ཡོད། ད་དུང་། ཉི་ཧོང་གི་འཛའ་ཐང་ལ་སྐྱོན་བརྗོད་དང་། ཨ་རིའི་རྒྱབ་རྟེན་འོག་ལྷོ་ཀོ་རི་ཡར་ཁེ་ཕན་སྐྲུན་གྱི་ཡོད་སོགས་བཤད་དེ། ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་མག་མོག་བཟོས་ཡོད་སྟབས། ཐེངས་འདིར་སྐུ་ཞབས་ཊེ་ལིར་སོན་གྱིས་རྙོག་འཛིང་དེ་དག་འདུམ་འགྲིག་བྱེད་དགོས།

བྱང་ཀོ་རི་ཡའི་དཀའ་རྙོག

སྐུ་ཞབས་ཊེ་ལིར་ལོན་གྱིས་ཐོག་མར་ཉི་ཧོང་ནས་རྒྱལ་དོན་སྐོར་སྐྱོད་མགོ་བཙུགས་ཡོད་ལ། ཉི་ཧོང་ནང་འགྲུལ་སྐྱོད་བྱ་རྒྱུ་ནི་ལས་སླ་ཤོས་དེ་ཡིན་ངེས། ཁོས་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་ (Shinzo Abe) དང་ཕྱི་སྲིད་བློན་ཆེན་སོགས་ལ་ཐུག་འཕྲད་བྱ་རྒྱུའི་དུས་བཅད་བཟོས་ཡོད་ཅིང་། ཤིང་ཛོ་ཨ་བྷེ་ཉེ་ལམ་ཊི་རུམ་ཕིར་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་བྱུང་ཡོད།

བྱང་ཀོ་རི་ཡའི་དྲག་ཆས་དམག་དཔུང་གི་འཇིགས་སྐུལ་ལ་བརྟེན་ཏེ། ཨ་རི་དང་བྱང་ཀོ་རི་ཡའི་བར་འབྲེལ་བ་ཡག་པོ་འོང་དཀའ་སྲིད། གསང་རྒྱ་དམ་ཞིང་གྲོགས་མེད་ཁེར་རྐྱང་དུ་གནས་པའི་རྒྱལ་ཁབ་དེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འཇིགས་སྐུལ་དང་། དཔལ་འབྱོར་ཉེས་ཆད་ལ་མ་ལྟོས་པར་མུ་མཐུད་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་ཀྱིན་ཡོད་ལ། འདས་པའི་ལོ་ངོ་འདི་དག་རིང་རྒྱལ་ཁབ་དེས་རྡུལ་ཕྲན་མཚོན་ཆ་ ༢ དང་མེ་ཤུགས་འཕུར་མདའ་ ༢༠ ལྷག་ཚོད་ལྟ་བྱས་ཏེ། རྒྱལ་ཁབ་ཕན་ཚུན་བར་དོ་ཕོག་ཆེན་པོ་བཟོས་ཡོད།

ཨ་རིའི་དམག་དཔུང་གི་རྒྱབ་རོགས་ལ་བརྟེན་ཡོད་པའི་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་འཇིགས་སྣང་འོག་གནས་ཡོད། འོན་ཀྱང་། རྒྱ་ནག་ནི་བྱང་ཀོ་རི་ཡའི་འཛམ་གླིང་སྒང་གི་མཐུན་ཕྱོགས་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་བཀག་སྡོམ་བྱེད་པར་ནུས་པ་ཆེ་ཤོས་དེའང་ཡིན། ཊི་རུམ་ཕིས་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་སྣང་མེད་བཏང་བར་སྐྱོན་བརྗོད་བྱས་ཏེ་རྩོད་རྙོག་ཇེ་ཆེར་བཏང་ཡོད།

འདས་པའི་བདུན་ཕྲག་འདི་དག་རིང་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཀག་སྡོམ་ཐད་ལ་གོམ་གང་མདུན་སྤོས་བྱས་ཡོད། དེ་ནི་ཟླ་འདིའི་ཟླ་མགོར་རྒྱ་ནག་གིས་རྒྱལ་སྤྱིའི་ཁ་རྡུང་ལ་གཡོལ་ཆེད་བྱང་ཀོ་རི་ཡའི་ཕེ་ཡོང་ཡང་ (Pyongyang) གཞུང་གིས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པ་མཚམས་འཇོག་བྱ་དགོས་ཚུལ་བཤད་ཡོད་པ་མ་ཟད། བྱང་ཀོ་རི་ཡས་རྡོ་སོལ་ཕྱིར་འདྲེན་བཀག་སྡོམ་བྱས་ཏེ་མཐུན་ཕྱོགས་རྒྱལ་ཁབ་དེའི་དཔལ་འབྱོར་ཐོག་གྱོང་གུད་ཆེན་པོ་ཕོག་ཏུ་བཅུག་ཡོད། ཐེངས་འདིར་སྐུ་ཞབས་ཊེ་ལིར་སོན་ཀྱིས་རྒྱ་ནག་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་བཀག་སྡོམ་ཐོག་སྔར་ལྷག་གི་ནུས་པ་འདོན་དགོས་པའི་འབོད་སྐུལ་ཞུ་དགོས་པ་མ་ཟད། ད་དུང་དཔལ་འབྱོར་ཐད་ཀྱི་དཀའ་རྙོག་གཞན་མང་དག་ཅིག་ཞི་འགྲིག་ཡོང་ཐབས་བྱེད་དགོས།

ཨ་རིའི་གཞུང་གིས་ལྷོ་ཀོ་རི་ཡའི་ནང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འགོག་བྱེད་ཀྱི་འཕྲུལ་ཆས་འཛུགས་བཞིན་པ་དེར། སྟབས་མ་ལེགས་པར་རྒྱ་ནག་ནང་གླེང་སློང་ཆེན་པོ་ཆགས་ཡོད། བདུན་ཕྲག་འདིའི་ནང་བྷེ་བྷེ་སི་གསར་ཁང་གི་རྒྱ་ནག་ཚན་པའི་གསར་འགོད་པ་མཱ་ཁི་ཌོ་ནིལ་ (Stephen McDonnell)ལགས་ཀྱིས་ཁོ་རང་སྒེར་གྱི་དྲ་ཚིགས་སྟེང་ “རྒྱ་ནག་གི་དཔོན་རིགས་ཚོའི་ཁྲོད་ལྷོ་ཀོ་རི་ཡ་ནང་ཨ་རིས་རྡུལ་ཕྲན་འགོག་བྱེད་འཕྲུལ་ཆས་འཛུགས་སྐྲུན་བྱེད་བཞིན་པ་དེ་བཀག་སྡོམ་བྱེད་དགོས་པའི་གླེང་གཞི་ཆེ་རུ་འགྲོ་བཞིན་འདུག” ཅེས་བཀོད་འདུག

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་རྙོག

རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་གྱི་གླིང་ཕྲན་ཁག་ནང་དྲག་ཆས་དམག་གི་རྟེན་གཞི་འཛུགས་བཞིན་པ་དེ་འབྲེལ་ཡོད་རྒྱལ་ཁབ་ཁག་བར་རྩོད་རྙོག་ཆགས་ཡོད། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་སྐུ་ཞབས་ཊེ་ལིར་སོན་གྱིས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་ལ་ “རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་གྱི་གླིང་ཕྲན་ཁག་ནང་འཛུགས་སྐྲུན་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པ་དང་། ལྷོ་རྒྱུད་མཚོ་ཁུལ་དུ་རང་དབང་མཚོ་འགྲུལ་བྱེད་ཆོག་དགོས་པ་སོགས་ཀྱི་ཐད། ང་ཚོས་ཐོག་མར་རྒྱ་ནག་ལ་བརྡ་ལན་གསལ་བོ་ཞིག་སྤྲོད་དགོས་པ་ཆགས་ཡོད་” ཅེས་སོགས་བརྗོད་ཡོད། ཁོས་ད་དུང་ཉི་ཧོང་གཙོས་པའི་རྒྱ་ནག་ལྷོ་ཤར་མཚོ་ཁུལ་རྩོད་གླེང་བྱེད་མཁན་རྒྱལ་ཁབ་ཁག་ལ་ “རྒྱ་ནག་གིས་མཚོ་ཁུལ་དེ་དག་མངའ་ཁོངས་སུ་ལེན་པའམ། མཚོ་ཁུལ་དེ་དག་ལ་སྟངས་འཛིན་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད” ཅེས་སོགས་བརྗོད་པ་དེས། ཨ་རི་དང་རྒྱ་ནག་བར་ཞི་གྲོས་ཡོང་རྒྱུ་སྔར་ལས་དཀའ་ཁག་གི་གནས་སུ་བསྐྱལ་ཡོད། སྐབས་དེར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཊེ་ལིར་སོན་གྱི་བྱ་སྤྱོད་དེ་དག་གིས་རྒྱལ་གཉིས་བར་དོ་ཕོག་ཆེན་པོ་བཟོས་ཡོད་པ་མ་ཟད། ཐ་ན་དམག་འཁྲུག་ཆེན་པོ་བསླང་ཡང་སྲིད་སྐོར་བརྗོད་ཡོད།  ཡིན་ནའང་རྗེས་སུ་རྒྱ་ནག་ཕྱི་སྲིད་བློན་ཆེན་གསར་འགོད་ལྷན་ཚོགས་ཤིག་ཐོག “སྐུ་ཞབས་ཊེ་ལིར་སོན་ལགས་ནི་ཕན་ཚུན་བར་འབྲེལ་མོལ་བྱེད་བདེ་མཁན་ཞིག་དང་ཕ་རོལ་བོའི་སྐད་ཆར་ཉན་མཁན་ཞིག་རེད” ཅེས་བརྗོད་འདུག

ཚོས་ལས་དང་ཐབས་ཇུས།

ཐེངས་འདིར་སྐུ་ཞབས་ཊེ་ལིར་སོན་གྱིས་རྒྱ་ནག་ལྷོ་རྒྱུད་རྩོད་གླེང་དང་། པེ་ཅིན་གཞུང་གིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་གཅོད་དགོས་པའི་སྐོར་གླེང་སློང་བྱེད་སྲིད་ནའང་། ད་དུང་ཕྱོགས་གཉིས་བར་དཔལ་འབྱོར་དཀའ་རྙོག་ཡོད་པ་རེད། སྲིད་འཛིན་ཊི་རུམ་ཕིའི་འཐབ་རྩོད་གཅིག་ནི། ཨ་རི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཚོང་ལས་ཐུན་ཚོགས་ནས་ཕྱིར་ཐོན་པ་དེ་རེད། མཐུན་ཚོགས་དེའི་འོག་ཉི་ཧོང་གཙོས་པའི་རྒྱལ་ཁབ་ ༡༡ གིས་ཁྲལ་ཆག་ཡང་བཏང་སྟེ་ཚོང་འབྲེལ་བཙུགས་ཡོད། འོན་ཀྱང་རྒྱ་ནག་ལ་མཚོན་ན་གནས་ཚུལ་དེ་ཧ་ཅང་གཏམ་བཟང་ཞིག་ཆགས་ཡོད། རྒྱ་ནག་གིས་ཚོང་འབྲེལ་མཐུན་ཚོགས་དེ་སྟོབས་འབྱོར་བསྐྲུན་པའི་གོ་སྐབས་ཤིག་ཏུ་མཐོང་གི་ཡོད།

ཨ་རིའི་དཔལ་འབྱོར་སྲིད་ཇུས་འོག རྒྱ་ནག་ལའང་དཀའ་རྙོག་བྱུང་ཡོད།

འོས་བསྡུའི་ལས་འགུལ་སྐབས། སྐུ་ཞབས་ཊི་རུམ་ཕིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་ཐད་ཁྲལ་བརྒྱ་ཆ་ ༤༥ སྤར་འདོད་ཡོད་ཚུལ་བཤད་ཡོད། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་དཔལ་འབྱོར་སློབ་སྟོན་པ་ཞིག་གིས་ཨ་རྒྱ་གཉིས་བར་ཚོང་འབྲེལ་འཛུགས་པའི་ཐད་ལ་ཨ་རི་ལས་རྒྱ་ནག་ལ་རེ་འདོད་ཆེན་པོ་ཡོད་སྐོར་བརྗོད་ཡོད། སྐུ་ཞབས་སི་ཁ་ར་མུ་སེ་ (Anthony Scaramucci) ལགས་ཀྱིས་བྷེ་བྷེ་སེ་གསར་ཁང་ལ། ཨ་རི་དང་རྒྱ་གར་བར་གྱི་ཚོང་འབྲེལ་དོན་དམག་འཁྲུག་ཁྲོད་ཨ་རི་ལས་རྒྱ་ནག་ལ་གྱོང་ཆེན་པོ་རག་སྲིད་ལ། དེ་ཁོ་རང་ཚོས་ཤེས་ཀྱི་ཡོད་རེད་ཅེས་བརྗོད་འདུག

ལྷོ་ཀོ་རི་ཡ་དང་ཨ་རིའི་འབྲེལ་ལམ་བརྟན་ལྷིང་ཆགས་ཡོད་ཀྱང་སྲིད་འཛིན་ཕར་ཁཱི་གྷིན་ཧི་ (Park Geun-hye)ནག་ཉེས་ནང་ཚུད་པ་དང་བསྟུན་ཏེ། ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་དཀའ་རྙོག་ཆེ་རུ་ཕྱིན་ཡོད། ལྕམ་ཕར་ཁཱི་གྷིན་ཧི་ལགས་ནི་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། ལྷག་པར་དུ་བྱང་ཀོ་རི་ཡ་གྲོགས་མེད་ཁེར་རྐྱང་དུ་འཕུད་རྒྱུའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱིན་ཡོད།

ད་ཆར་ཁོ་མོའི་ལས་ཚབ་མོན་ཇི་ཨེན་ (Moon Jae-in) ལགས་ཀྱིས་བྱང་ཀོ་རི་ཡའི་དཀའ་རྙོག་ཐད་ལ་བསམ་ཚུལ་གསར་པ་ཞིག་བཏོན་ཡོད་པ་དེ་ནི། མོས་ལྷོ་བྱང་ཀོ་རི་ཡ་མཉམ་འབྲེལ་ཡོང་བར་རེ་ལྟོས་དང་། ལྷོ་ཀོ་རི་ཡའི་ནང་གི་རྡུལ་ཕྲན་འགོག་བྱེད་ཀྱི་ཨ་རིའི་ལས་གཞི་དེར་སེམས་འཚུབ་ཡོད་པའི་རྣམ་འགྱུར་ཡིན་སྲིད།

དཔལ་འབྱོར་ཁེ་ལས་འགྲན་རྩོད་དང་མངའ་ཁོངས་རྩོད་གླེང་། དྲག་ཆས་དམག་དཔུང་གི་འཇིགས་སྐུལ་འབྱུང་བཞིན་པའི་སྐབས་འདིར། ཨ་རིའི་བརྟན་ལྷིང་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་དམིགས་འབེན་ཆེ་ཆུང་མི་འདྲ་བའི་གནས་བབ་འོག སྐུ་ཞབས་ཊེ་ལིར་སོན་གྱིས་ཨ་རིའི་ཕྱི་འབྲེལ་གྱི་སྐུད་སྣེ་དེ་རྒྱལ་སྤྱིའི་དཔལ་འབྱོར་ཁབ་མིག་ནང་ལེགས་པར་འདྲེན་ཐུབ་དགོས་པ་ཞིག་ཆགས་ཡོད།

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༣/༡༩

Leave a Reply