ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མི་སྣས་རྒྱ་ནག་ལ་ལྐོག་འབྲེལ་བྱས་འདུག

ཨ་རིའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གནས་ཚུལ་གལ་ཆེན་རིགས་ལ་རྒྱུས་མངའ་ཡོད་པའི་ལས་བྱེད་ཅིག་གིས་རྒྱ་ནག་གཞུང་གི་གསང་བའི་མི་སྣར་ལྐོག་འབྲེལ་བྱས་ཡོད་འདུག

ཉེས་དོན་ཞུ་གཏུག་མཁན་གྱིས་རང་ལོ་ ༦༠ ཡིན་པའི་ལྕམ་ཁཱ་ལེ་ཡ་བྷོར་ནཱི་ (Candace Marie Claiborne) ཡིས་ཨ་སྒོར་ཕོན་ཆེན་པོའི་ལྐོག་རྔན་བླངས་ཡོད་ཚུལ་བཤད་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་དེས་གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོས་པ་དང་། ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ (FBI) ལ་བསྒྲགས་གཏམ་རྫུན་བཟོ་བྱས་པའི་ནག་ཉེས་འོག གཟའ་མིག་དམར་ཉིན་ཁོ་མོ་འཛིན་བཟུང་གིས་ཁྲིམས་བཤེར་བྱས་ཡོད་ཀྱང་། གཟའ་ལྷག་པའི་ཉིན་ཁོ་མོས་རང་ཉིད་ལ་ནག་ཉེས་མེད་སྐོར་ཁྲིམས་གཏུག་བྱས་ཡོད་འདུག

ཨ་རིའི་ཁྲིམས་ཞིབ་ཁང་གིས་བསྒྲགས་པ་ལྟར་ན། ལྕམ་ཁཱ་ལེ་ཡ་བྷོར་ནི་ལགས་ཀྱིས་ ༡༩༩༩ ལོ་ནས་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ལས་ཀ་མགོ་བཙུགས་ཏེ། རྒྱ་ནག་དང་སུ་ཊན། ཨེ་རག་སོགས་ཀྱི་ཕྱི་འབྲེལ་ལས་དོན་བསྒྲུབས་ཡོད་པ་དང་། ཁོ་མོར་ཨ་རིའི་རྒྱལ་སྲུང་གསང་བའི་གནས་ཚུལ་དོ་དམ་གྱི་དབང་ཆ་ཡོད་སྟབས། ཕྱི་རྒྱལ་གསང་བའི་ལས་ཁུངས་ཁག་གིས་ཁོ་མོར་ལྐོག་འབྲེལ་བྱས་ཏེ། གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་ཡོད་འདུག

ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་ནང་། “འདས་པའི་ལོ་ངོ་ ༥ རིང་རྒྱ་ནག་གཞུང་གི་གསང་བའི་མི་སྣ་གཉིས་ཀྱིས་ཁཱ་ལེ་ཡ་བྷོར་ནཱི་དང་ཁོ་མོའི་ནང་མིར་ལྐོག་རྔན་ཨ་སྒོར་སྟོང་ཕྲག་མང་པོ་སྤྲད་དེ། ཐེངས་མང་པོར་འབྲེལ་བ་བྱས་ཡོད་ཀྱང་གསང་བའི་གནས་ཚུལ་སྤྲོད་ཐུབ་མེད” ཅེས་བརྗོད་འདུག ༢༠༡༡ ལོར་ཁོ་མོས་རྒྱ་ནག་གི་གསང་བའི་མི་སྣ་ཞིག་ལ་རྒྱ་ནག་དང་འབྲེལ་བའི་ཨ་རིའི་དཔལ་འབྱོར་སྲིད་བྱུས་སྐོར་གྱི་གནས་ཚུལ་སྤྲད་དེ་ལྐོག་རྔན་ཨ་སྒོར་ ༢༥༠༠༠ དང་ཡུ་སྒོར་ ༢༠༡༠ བླངས་པའི་ནག་ཉེས་ཕོག་ཡོད་འདུག

ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་ནང་། “ཁཱ་ལེ་ཡ་བྷོར་ནིས་རྒྱ་ནག་གཞུང་གི་མི་སྣ་དེ་དག་གསང་མྱུལ་བ་ཡིན་པ་ཤེས་བཞིན་དུ་ལྐོག་འབྲེལ་བྱས་ཏེ་ཕྱི་སྲིད་ལྷན་ཁང་གི་རྟོག་ཞིབ་པ་དང་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་རྟོག་ཞིབ་པ་ཚོར་མགོ་སྐོར་བཏང་ཡོད།” ཅེས་འཁོད་འདུག གསལ་བསྒྲགས་ནང་ཕྱི་སྲིད་ལྷན་ཁང་དང་རྒྱལ་ནང་གསང་བའི་ལས་ཁུངས་གཉིས་ཀྱིས་ཁོ་མོར་འབྲེལ་གཏུག་བྱས་རྗེས། ཁོ་མོས་མོ་རང་གི་འབྲེལ་མཐུད་པར་རྒྱ་ནག་གི་གསང་བའི་མི་སྣ་དང་ཁོ་མོའི་བར་འབྲེལ་བ་བྱུང་བ་དེ་དག་ནག་གསུབ་གཏོང་དགོས་པའི་བཀའ་བཏང་ཡོད་ཚུལ་སོགས་འཁོད་འདུག

གཟའ་ལྷག་པའི་ཉིན་ལྕམ་ཁཱ་ལེ་ཡ་བྷོ་ནི་ལགས་ཁོ་ལུམ་བྷེ་ཡ་ས་གནས་ཁྲིམས་ཁང་དུ་བཅར་ཡོད་པ་དང་། འཆར་ཟླ་ ༤ ཚེས་ ༡༨ ཉིན་ཁྲིམས་བཤེར་བྱ་རྒྱུ་གཏན་འཁེལ་ཡོད་འདུག གཞུང་གི་ལས་དོན་ལ་འགོག་རྐྱེན་བཟོ་མཁན་གྱི་ཉེས་ཆད་ཉུང་མཐར་ལོ་ ༢༠ ཡི་ཁྲིམས་ཐག་གཅོད་རྒྱུ་དེ་ཡིན་པ་དང་། རྒྱལ་ནང་གསང་བའི་ལས་ཁུངས་ལ་བསྒྲགས་གཏམ་རྫུན་བཟོ་བྱས་པའི་ཉེས་ཆད་ཉུང་མཐར་ལོ་ ༥ ཡི་ཁྲིམས་ཐག་ཡིན་འདུག

ཕྲི་སྲིད་ལྷན་ཁང་ནས་གནད་དོན་དེའི་སྐོར་ད་སྔ་གསལ་བཤད་གང་ཡང་བྱས་མེད་པ་དང་། བདུན་ཕྲག་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་གཉིས་ཐུག་འཕྲད་བྱ་འཆར་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༣༠

Leave a Reply

One thought on “ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མི་སྣས་རྒྱ་ནག་ལ་ལྐོག་འབྲེལ་བྱས་འདུག

  1. ཨ་སྒོར་གཉིས་ཁྲི་ལྔ་སྟོང་ལ་གསང་བ་ཆེན་པོ་དེ་འདྲ་ཉན་རྒྱུ་ཡོད་ན། ང་ཡང་སྤྲདཐུབ་ས་རེད།
    ༢༥༠༠༠???
    ཡུ་སྒོར། ༢༠༡༠??? རྟག་རྟག་རེད་བས་དུས་བབས་ཚང་ལ།