ཨ་རིའི་རོགས་དངུལ་མཚམས་འཇོག་ལ་རྒྱལ་ཚོགས་སྐད་ཤོར།

ཨ་རིའི་གཞུང་གིས་རོགས་དངུལ་མཚམས་འཇོག་བྱ་འཆར་ཡོད་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ལ་དོ་ཕོག་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་ཨ་རི་འཛམ་གླིང་གི་སྣེ་ཁྲིད་པ་བྱེད་ཐུབ་མིན་ཡང་དྲི་བ་ཆགས་ཡོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནེ་གྷུ་ཊིར་སི་(Antonio Guterres)མཆོག་གིས། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་ལ་རོགས་སྐྱོར་མ་དངུལ་གཏོང་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྟེང་ཨ་རིར་མཐོང་ཆེན་དང་བརྩི་འཇོག་ཡག་པོ་ཐོབ་ཀྱི་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་ལས་དོན་མང་པོ་ཞིག་ལེགས་འགྲུབ་འབྱུང་བཞིན་ཡོད་སྐོར་སོགས་བརྗོད་དེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིའི་འཛིན་སྐྱོང་ལ། གལ་སྲིད་ཝ་ཤིན་ཊོན་གཞུང་གིས་འཛམ་གླིང་གི་སྣེ་ཁྲིད་བྱེད་འདོད་མེད་པར་ཕྱིར་འཐེན་བྱས་པ་ཡིན་ན། དེའི་ཚབ་ཏུ་རྒྱལ་ཁབ་གཞན་གྱིས་འཛམ་གླིང་གི་སྣེ་ཁྲིད་བྱེད་སྲིད་པའི་བརྡ་ལན་བཏང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ཕྱི་སྲིད་རོགས་དངུལ་ཐེབས་རྩ་བརྒྱུད་དེ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་ཨ་སྒོར་ཐེར་འབུམ་ ༡༩ ལྷག་གི་རོགས་དངུལ་གཏོང་བཞིན་ཡོད་པ་མཚམས་འཇོག་བྱ་རྒྱུའི་སྔོན་རྩིས་གྲོས་འཆར་བཏོན་ཡོད་པ་དང་། དེའི་ཁྲོིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ཆེད་ཨ་སྒོར་ཐེར་འབུམ་ ༡ ཡི་འགྲོ་གྲོན་གཏོང་བཞིན་པ་དེའང་ཚུད་ཡོད་འདུག

སྐུ་ཞབས་གྷཱ་ཊིར་སི་ལགས་ཀྱིས། “ང་ཚོས་ཊི་རུམ་ཕིའི་འཛིན་སྐྱོང་དང་ཨ་རིའི་གྲོས་ཚོགས་གཉིས་གྲོས་མོལ་བྱས་ཏེ། ཨ་རིས་དེ་སྔ་རྒྱལ་སྤྱིའི་ཕྱི་སྲིད་ཀྱི་འབྲེལ་ལམ་སྤྱི་དང་སྤྱི་ཚོགས་ཡར་རྒྱས། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཚོགས་སྡེ་ཁག་ལ་རོགས་དངུལ་གཏོང་བཞིན་ཡོད་པ་དེ་དག་མུ་མཐུད་གཏོང་རྒྱུ་གལ་ཆེན་ཡིན་པ་མ་ཟད། དེ་ནི་ཨ་རིའི་མི་མང་གི་མངོན་འདོད་ཅིག་ཀྱང་ཆགས་ཡོད་པ་མཁྱེན་རྟོགས་ཡོང་ཐབས་བྱེད་བཞིན་ཡོད།” ཅེས་བརྗོད་ཡོད།

ལོ་ལྟར་ཨ་རིའི་ཕོ་བྲང་དཀར་པོས་ཨ་རིའི་གཞུང་གི་སྔོན་རྩིས་འཆར་འབུལ་བྱེད་བཞིན་ཡོད་པ་དང་། དེ་ལ་གྲོས་ཚོགས་ཀྱིས་མཐའ་མའི་གཏན་འབེབས་བྱེད་ཀྱིན་ཡོད་པ་རེད། ད་ལོའི་སྔོན་རྩིས་ནང་སྲིད་འཛིན་ཊི་རུམ་ཕིས་ཕྱིའི་རོགས་སྐྱོར་སྔོན་རྩིས་ཕོན་ཆེན་པོ་ཞིག་གཅོག་ཆ་བྱས་ཡོད་པ་དེར་ཨ་རིའི་དམངས་གཙོ་ཚོགས་པས་དགག་པ་རྒྱག་གི་ཡོད་པ་རེད།

ཨ་རི་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རོགས་དངུལ་གཏོང་མཁན་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་། ལོ་ལྟར་ཨ་རིའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་དང་ཚོགས་པ་ནང་ཁུལ་གྱི་འགྲོ་གྲོན་ཆེད་ཨ་སྒོར་ཐེར་འབུམ་ ༡།༡༨༨ ལྷག་གཏོང་གི་ཡོད་ཅིང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་གྱི་ལོ་རེའི་འགྲོ་སོང་ཨ་སྒོར་ཐེར་འབུམ་ ༥་༤  ཡི་བརྒྱ་ཆ་ ༢༢ ཆགས་ཀྱི་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ཆེད་ལོ་རེར་འགྲོ་སོང་ཨ་སྒོར་ཐེར་འབུམ་ ༧།༩ ཡོད་པ་དང་། དེར་ཨ་རིའི་གཞུང་གིས་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༢་༢༥༡༥ གཏོང་གི་ཡོད་འདུག  དེ་སྔ་ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ལ་མ་དངུལ་གཏོང་བའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ ༡༩༣ ཡིས་མོས་མཐུན་བྱས་ཏེ་རོགས་སྐྱོར་བྱེད་ཆོག་པར་བཟོས་བ་ཞིག་ཡིན་འདུག

སྐུ་ཞབས་གྷཱ་ཊིར་སི་ལགས་ཀྱིས། གལ་སྲིད་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཨ་རི་ལྟ་བུས་འཛམ་གླིང་གི་སྣེ་ཁྲིད་པའི་ལས་འགན་དེ་འཁུར་འདོད་མེད་ཚེ། རྒྱལ་ཁབ་གཞན་གྱིས་དེའི་ཚབ་ཏུ་འགན་འཁུར་ལེན་སྲིད་པ་རེད་ཅེས་དང་། “དེང་སང་འཛམ་གླིང་གི་སྣེ་འཁྲིད་ཐུབ་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ར་ཤི་ཡ་དང་རྒྱ་ནག་ཁོ་ན་མ་ཡིན་པར། སོ་ཌི་ཨ་ར་བྷི་ཡ་(Saudi Arabia)དང་། ཊར་ཀཱེ(Turkey)། ཨི་རན་(Iran)སོགས་འཛམ་གླིང་ས་ཕྱོགས་ག་སར་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་མང་པོ་འབུར་དུ་འཐོན་ཡོང་གི་ཡོད་སྟབས། གལ་སྲིད་སྟོབས་ཆེན་རྒྱལ་ཁབ་གང་ཞིག་གིས་རང་གི་འགན་འཁྲི་ལ་གཡོལ་ཏེ་ཕྱིར་འཐེན་བྱས་ཚེ། ངས་གོང་དུ་ཞུས་པའི་སྲིད་གཞུང་དེ་དག་གིས་གོ་གནས་དེར་རེ་སྒུག་བྱེད་བཞིན་ཡོད་པ་རེད།” ཅེས་བརྗོད་ཡོད།

ཡང་སྐུ་ཞབས་གྷཱ་ཊིར་སི་ལགས་ཀྱིས་ “གནད་དོན་འདི་དག་ཚང་མ་འབྲེལ་ཡོད་ཆགས་ཡོད་སྟབས། དེར་མཇུག་འབྲས་ཤིག་ཀྱང་ཡོད། གལ་སྲིད་ཁྱོད་རང་གིས་རྐུབ་སྟེགས་ཤིག་སྟོང་བར་བཞག་ཚེ། མི་གཞན་གྱིས་རྐུབ་སྟེགས་དེ་བདག་བཟུང་བྱ་ངེས་ཡིན་པ་མ་ཟད། དེའི་མཇུག་འབྲས་ཀྱིས་ཁྱོད་རང་གི་ནང་སྲིད་བདེ་འཇགས་ལའང་དཀའ་ངལ་བཟོ་སྲིད་པ་རེད” ཅེས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༦/༠༡

Leave a Reply