ཨ་རིའི་སྐུ་ཚབ་ ༢༩ དྷ་རམ་ས་ལར་ཕེབས་རྒྱུ་རེད།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༩ ནས་ ༡༠ བར་ཉིན་གཉིས་རིང་། ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)མཆོག་གིས་སྣེ་འཁྲིད་འོག ཨ་རིའི་གྲོས་ཚོགས་འཐུས་མི་ ༨ གཙོས་པའི་གནད་ཡོད་མི་སྣ་ ༢༩ སྐོར་ཞིག་བོད་དོན་རྒྱབ་སྐྱོར་མཚོན་ཆེད་བཞུགས་སྒར་དྷ་རམ་ས་ལར་ཕེབས་གཏན་འཁེལ་ཡོད་འདུག

བཀའ་ཤག་གི་གསལ་བསྒྲགས་ནང་། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་ལ་སྔ་ཕྱི་འགྱུར་བ་མེད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་གནད་དོན་མང་པོའི་ཐོག་ཆབ་སྲིད་ལྟ་བ་མི་མཐུན་པ་ཡོད་ཀྱང་། ༧གོང་ས་མཆོག་ལ་གུས་བརྩི་དང་བོད་དོན་རྒྱབ་སྐྱོར་ཐོག་དགོངས་པ་གཅིག་མཐུན་ཡིན་སྟབས། བོད་མི་ཚོས་ཀྱང་བཀའ་དྲིན་བསམ་ཤེས་ཀྱི་ཚུལ་དུ་ཐེངས་འདིར་ཁོང་ཅག་དྷ་སར་ཕེབས་འབྱོར་སྐབས། ཟླ་ ༥ ཚེས་ ༡༠ ཉིན་གྱི་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར། ༧གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་སྐུ་ཚབ་རྣམ་པར་དགའ་བསུའི་དམིགས་བསལ་མཛད་སྒོ་ཞིག་ཚོགས་རྒྱུ་ཡིན་སྐོར་སོགས་འཁོད་འདུག

ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)མཆོག་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ནང་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་པ་དང་། ༢༠༡༥ ལོའི་ཕྱི་ཟླ་ ༡༡ པའི་ནང་ཁོང་མོས་སྣེ་འཁྲིད་དེ་ཨ་རིའི་གཞུང་གི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ཏུ་སྐྱོད་པ་དང་བསྟུན་ཏེ། བོད་ཀྱི་རྒྱལ་ས་ལྷ་ས་དང་། དེའི་ཉེ་འཁོར་གྱི་དགོན་པ་དང་ས་གནས་ཁག་ཅིག་ལ་གཟིགས་སྐོར་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༤/༢༩

Leave a Reply

2 thoughts on “ཨ་རིའི་སྐུ་ཚབ་ ༢༩ དྷ་རམ་ས་ལར་ཕེབས་རྒྱུ་རེད།

  1. སྲས་སྐུ་ངོ་།

    ཨ་རི་འཁྲབ་ཏོ་རེད་འདུག།
    སེང་གེ་འཁྲབ་ཏོ་རེད་འདུག།
    འཁྲབ་ཏོ་གཉིས་ཀ་འཕྲད་དུས།།
    བོད་དོན་རླུང་ལ་མ་བསྐུར།།

  2. བོད་མི་ཚོས་གཟབ་གཟབ་བྱེད་དགོས།་་་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ལས་ཀ་བྱེད་སྟངས་ཚང་མ་རང་གི་ཁེ་ཕན་གྱི་ཆེད་དུ་རེད།
    ལྕམ་ནན་སེ་པེ་ལོ་སི་(Nancy Pelosi)མཆོག་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ནང་བཞུགས་སྒར་དྷ་རམ་ས་ལར་ཕེབས་པ་ནས་བཟུང་བོད་ནང་བོད་མི་ཉམ་ཆུང་ལོ་གཞོན་གཞོན་ག་ཚད་ཀྱི་ཚེ་སྲོག་ཤོར་སོང་།