ཨ་རིའི་ནང་གི་སྐྱབས་བཅོལ་བ་ཚོས་ཅི་ཞིག་ལ་གཟབ་དགོས།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་སྲི་འཛིན་ཊི་རུམ་ཕི་ཡིས། ཨ་རི་དང་མེག་སི་ཁོ་གཉིས་བར་རྩིག་གྱང་སློང་རྒྱུ་དང་། ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་བ་ཕྱིར་འཕུད། ཨ་རིའི་མཐའ་མཚམས་སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐག་མ་ཆོད་བར། ཨ་རིའི་ནང་སྐྱབས་བཅོལ་བ་ལེན་རྒྱུ་གནས་སྐབས་རིང་མཚམས་འཇོག་རྒྱུར་མཚན་རྟགས་བཀོད་པ་ལྟར། དེ་རིང་སེ་ཨན་ཨན་གསར་ཁང་གིས་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་བ་དང་ཁྲིམས་མཐུན་མི་སེར་ཚོས་མ་འོངས་ཉིན་གྲངས་ ༩༠ ནང་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་སྐོར་དོན་ཚན་ ༦ བཏོན་འདུག

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་ཨེ་རག་(Iraq)དང་ཨེ་རན་(Iran)། སི་རི་ཡ་(Syria)དང་ལི་བྷེ་ཡ་(Libya)། སོ་མ་ལེ་ཡ་(Somalia)དང་སུ་ཌན་(Sudan)། སི་རི་ཡ་(Syria)དང་ཡ་མིན་(Yemen)སོགས་ཁ་ཆེ་ལུང་པ་ཁག་ཅིག་གཙོས་པའི་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་བ་ཕྱིར་འཕུད་གཏོང་རྒྱུ་དང་། གནས་སྐབས་རིང་ཨ་རིའི་ནང་སྐྱབས་བཅོལ་བ་ལེན་པའི་ལས་རིམ་ཁག་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་རེད།

༨༨༨༨༨༨༡ ༽ ཁྱེད་ཀྱིས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཇི་ལྟར་བྱེད་དམ།

གལ་ཏེ་ཁྱེད་རང་གོང་ཞུས་ཁ་ཆེ་ལུང་པ་གང་རུང་ནས་ཡོང་བའི་ཨ་རིའི་མི་སེར་ཡིན་པའམ། ཡང་ན་ལག་འཁྱེར་ལྗང་ཁུ་ (green card)  ཡོད་པའི་ཨ་རིའི་ཁྲིམས་མཐུན་མི་སེར་ཡིན་ནའང་ཁྱེད་རང་མ་འོངས་ཉིན་གྲངས་ ༩༠ ནང་ཨ་རིའི་རྒྱལ་ཁབ་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲུལ་བསྐྱོད་བྱ་མི་རུང་།

༢ ༽གལ་ཏེ་ཁྱེད་རང་ཛ་དྲག་ཐོག་ཕྱིའི་རྒྱལ་ཁབ་གང་རུང་ལ་འགྲོ་དགོས་བྱུང་ཚེ་ཅི་བྱེད་དགོས་སམ།

གལ་ཏེ་ཁྱེད་རང་ཛ་དྲག་གིས་ཨ་རི་ནས་ཕྱིའི་རྒྱལ་ཁབ་གང་རུང་ལ་འགྲོ་དགོས་ཐུག་ཚེ། ཁྱེད་ཀྱིས་ངེས་པར་དུ་ཨ་རིའི་སྐྱབས་བཅོལ་ཁྲིམས་རྩོད་པ་བཙལ་ཏེ་གནད་དོན་ཐོག་གྲོས་བསྡུར་བྱེད་དགོས།

༣ ༽ གལ་ཏེ་ཁྱེད་རང་ད་ཆར་ཕྱིའི་རྒྱལ་ཁབ་གང་རུང་དུ་ཡོད་པ་དང་ཕྱིར་ཨ་རིར་ཡོང་གི་ཡོད་ཚེ་ཅི་བྱེད་དགོས་སམ།

གལ་ཏེ་ཁྱེད་རང་གོང་ཞུས་ཁ་ཆེ་རྒྱལ་ཁབ་གང་རུང་ནས་ཡོང་བའི་ཨ་རིའི་ཁྲིམས་མཐུན་མི་སེར་ཡིན་ཚེ། ཁྱེད་རང་ཕྱི་རྒྱལ་དུ་སོང་ནས་ད་ཆར་ཕྱིར་ཨ་རིར་ཡོང་ཐུབ་རྒྱུ་ཁག་པོ་ཆགས་སྲིད་སྟབས། ཁྱེད་རང་ཕྱིར་ཨ་རིར་མ་ཡོང་སྔོན་ལ། ཁྱེད་ཀྱིས་ཨ་རིའི་གནས་སྤོ་ཚན་པ་བརྒྱུད་ནས་ཨ་རིའི་གནས་སྤོའི་ཁྲིམས་རྩོད་པ་འཚོལ་དགོས།

༤ ༽ གལ་ཏེ་ཁྱེད་རང་ཨ་རིའི་ནང་གི་ཁྲིམས་མཐུན་མི་སེར་ཡིན་ན་ཁྱེད་རང་དཀའ་ཁག་གང་ལ་འཕྲད་སྲིད་དམ།

གལ་ཏེ་ཁྱེད་རང་གོང་ཞུས་ཁ་ཆེ་རྒྱལ་ཁབ་གང་རུང་ནས་ཡོང་མཁན་མིན་ནའང་ཊི་རུམ་ཕི་གཞུང་གི་ཨ་རིའི་གནས་སྤོའི་སྲིད་ཇུས་གསར་བའི་འོག ཁྱེད་རང་གི་ཉེ་འབྲེལ་གང་རུང་ཨ་རིའི་ནང་ཡོང་རྒྱུར་དཀའ་ཁག་ལ་འཕྲད་སྲིད།

༥ ༽ གལ་ཏེ་ཁྱེད་ཀྱི་ནང་མི་དང་གྲོགས་ཉེ་དུ་གང་རུང་སྐྱབས་བཅོལ་གྱི་མིང་ཐོག་ནས་ཨ་རིར་གཞིས་ཆགས་རྒྱུར་སྒུག་ཡོད་ཚེ་ཁྱེད་ཀྱིས་ཅི་བྱེད་དགོས་སམ།

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཞུང་གིས་མ་འོངས་ཉིན་གྲངས་ ༡༢༠ རིང་ཨ་རིའི་ནང་རྒྱལ་ཁབ་གཞན་གྱི་སྐྱབས་བཅོལ་བ་ལེན་པའི་ལས་འཆར་ཁག་གནས་སྐབས་སུ་ཕྱིར་འཐེན་བྱས་ཡོད་སྟབས། ལས་གཞི་གསར་བ་དེའི་འོག གོང་ཞུས་ཁ་ཆེ་རྒྱལ་ཁབ་ཁག་མིན་པའི་རྒྱལ་སྤྱིའི་སྐྱབས་བཅོལ་བ་ཚང་མ་བཀག་སྡོམ་བྱེད་རྒྱུ་ཡིན་པ་དང་། ལྷག་པར་དུ་སི་རི་ཡའི་ནང་གི་ཟིང་འཁྲུག་གི་དཀའ་རྙོག་ལ་བརྟེན་ནས། སྐྱབས་བཅོལ་བ་ཨ་རིའི་ནང་གཞིས་ཆགས་པའི་ལས་རིམ་དེ་ལ་ད་ཆར་གསལ་ཁ་གང་ཡང་མེད་པ་ཆགས་ཡོད།

༦ ༽ཨ་རིའི་ཁྲིམས་མཐུན་མི་སེར་དང་ཁྲིམས་འགལ་གནས་སྤོ་བ་ཕྱིར་འཕུད་དང་བཀག་སྡོམ་བྱེད་པའི་སྲིད་ཇུས་གསར་བའི་འོག ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་དོན་གཞན་གང་དག་ཡོད་དམ།

ཁྱེད་ཀྱིས་རང་ཉིད་ཀྱི་མི་སེར་ཐོབ་ཐང་དང་གནས་སྤོའི་ཐོབ་ཐང་ངེས་པར་དུ་ཤེས་དགོས། ཨ་རིའི་གནས་སྤོ་འགན་སྲུང་ལས་གཞི་ཚན་པས་ (Immigration Defense Project)། ཨ་རིའི་གནས་སྤོ་ (Immigration) དང་ཁྲིམས་སྲོལ་ལག་བསྟར་ཚན་པ་ (Customs Enforcement) དང་མཉམ་འབྲེལ་གྱི་ཐོག་ནས། ཨ་རིའི་ཁྲིམས་མཐུན་གནས་སྤོའི་སྲིད་ཇུས་སྐོར་གྱི་ཡིག་ཆ་ཁག་ཅིག་གྲ་སྒྲིག་བྱེད་ཀྱིན་ཡོད་སྟབས། གཅིག་བྱས་ན། ཚན་ཁག་དེ་དག་ཁྱེད་རང་གི་སྡོད་གནས་སུའང་ཡོང་སྲིད།

སྲིད་འཛིན་ཊི་རུམ་ཕི་ཡི་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་ཕྱིར་འཕུད་དང་སྐྱབས་བཅོལ་བ་བཀག་སྡོམ་ལས་གཞི་དང་འབྲེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་མཱ་ལཱ་ལཱ་ (Malala) གཙོས་པའི་རྒྱལ་སྤྱིའི་སྟེང་གི་ནོ་བྷིལ་གཟེངས་རྟགས་ཐོབ་མཁན་མི་སྣ་གྲགས་ཅན་ ༡༡ དང་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་ཁག་གི་དགེ་རྒན་ཆེན་མོ། དེ་བཞིན་རྒྱལ་སྤྱིའི་མི་མང་སྟོང་ཕྲག་བརྒལ་བས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་གནས་སྤོ་བ་ཕྱིར་འཕུད་དང་སྐྱབས་བཅོལ་བ་བཀག་སྡོམ་བྱེད་པ། དེ་བཞིན་ཨ་རིའི་ལྷོ་རྒྱུད་མཐའ་མཚམས་སུ་རྩིག་གྱང་སློང་བ་བཅས་ཀྱི་ལས་གཞི་ཁག་ལ་ངོ་རྒོལ་གྱི་ས་ཡིག་བསྡུ་རུབ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ཨ་རིའི་ནང་གི་སྐྱབས་བཅོལ་བ་ཚོས་ཅི་ཞིག་ལ་གཟབ་དགོས།

  1. སྲས་སྐུ་ངོ་།

    ཨ་རིའི་མི་སེར་ཡིན་པའི་ཁ་ཆེ་མི་རིགས་ཡིན་ན་གསར་འགྱུར་རྒྱུད་ཁག་གིས་མིང་འདོན་བྱས་པའི་ཁ་ཆེ་རྒྱལ་ཁབ་ཁག་ནས་ཡིན་ན་ཡང་སྐྱོན་མེད། ཨ་རིའི་མི་སེར་མ་ཆགས་པར་ཨ་རིའི་ནང་གཏན་སྡོད་ལག་འཁྱེར་ཡོད་རིགས་ཡིན་ཚེ་ཨ་རིའི་ནང་འཛུལ་ཐུབ་ཀྱི་མེད་པ་རེད་དོ།

    ཨ་རིའི་ནང་ཆང་ས་རྫུན་མ་བརྒྱབ་ནས་ཨ་རིའི་ནང་བསླེབས་པའི་རིགས་དང་ད་ལྟ་ཆང་ས་རྫུན་མ་རྒྱག་བཞིན་པའི་རིགས་ཤེས་རྟོགས་བྱུང་ཚེ། ཨ་རིའི་གནས་སྡོད་ཆང་ས་རྫུན་མ་རྒྱག་མཁན་རིགས་ཡིན་ན་ཨ་སྒོར་ཁྲི་བཅུ་ལྷག་དང་ལོ་བཞི་ལྔ་བཙོན་འཇུག་བྱེད་སྲིད། དེ་ན་བོད་རིགས་ཆང་ས་རྫུན་མ་རྒྱག་མཁན་རྒྱག་མཁན་རྣམས་ཀྱིས་གང་གཟབ་གནང་རོགས།