ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རའོ་གཉིས་ཐུག་འཕྲད་བྱས།

ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ (FBI) ཀྱི་འགན་འཛིན་གནས་དབྱུང་བཏང་བའི་ཕྱི་ཉིན། ཁ་སང་ཚེས་ ༡༠ ཉིན་རྒྱལ་ས་ཝ་ཤིན་ཊོན་དུ་སྲིད་འཛིན་ཊི་རུམ་ཕི་དང་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་གཉིས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ཡོད།

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ཏེ་ཨ་རིའི་སྤྱི་ཁྱབ་ཁྲིམས་དཔོན་ཆེན་མོ་སེ་ཞོན་ (Jeff Session) ལགས་དང་ཁྲིམས་དཔོན་གཞོན་པ་རའོ་སིན་སི་ཊེན་ (Rod Rosenstein)ལགས་གཉིས་ཀྱིས་སྙན་གསེང་ཞུས་དོན་ལྟར། རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོ་མཱེ་(James Comey) ལགས་ལས་གནས་ནས་ཕྱིར་འཕུད་བཏང་བ་བསྒྲགས་ཡོད།

ཁྲིམས་དཔོན་གཞོན་པ་སྐུ་ཞབས་རའོ་སིན་སི་ཊེན་གྱིས། སྐུ་ཞབས་ཁོ་མཱེ་ལས་གནས་ནས་ཕྱིར་འཕུད་གཏོང་དོན་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱིས་འདི་ལོའི་ཕྱི་ཟླ་ ༡ ནང་གསང་བའི་ལས་ཁུངས་ཀྱིས་བཏོན་པའི་རྟོག་ཞིབ་སྙན་ཐོ་དེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་བཤེར་དབང་ཚད་ལ་དོ་ཕོག་བཏང་བ་དང་། ད་ལོའི་སྲིད་འཛིན་འོས་བསྡུའི་ལས་རིམ་སྐབས་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་གྱི་གློག་འཕྲིན་ནང་ལྐོག་འཛུལ་བྱས་པའི་གནད་དོན་ལ་ཞིབ་འཇུག་རྒྱུན་འཁྱོངས་མ་བྱས་པ་སོགས་ཡིན་སྐོར་བཀོད་ཡོད།

ཐེངས་འདིར་ཨ་རིའི་དཔོན་རིགས་ཚོས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རའོ་ (Sergei Lavrov) ལགས་དང་ལྷན་དུ་གྲོས་མོལ་བྱས་པ་དེ་ནི། འདི་ལོའི་ཕྱི་ཟླ་ ༡ ནང་ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་བའི་རྗེས་ཀྱི་ཊི་རུམ་ཕི་གཞུང་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གཞུང་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ཀྱི་ཐུག་འཕྲད་དང་པོ་ཆགས་ཡོད་ཡོད།

ཊི་རུམ་ཕིས་ཁོ་རང་སྐུ་ཞབས་ལཱ་ཝ་རའོ་ལ་ཐུག་འཕྲད་ཀྱིས་གྲོས་མོལ་ཡག་པོ་བྱུང་ཡོད་སྐོར་དང་། གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཁོ་མཱེ་ཕྱིར་འཕུད་བཏང་བ་དེས་ཐེངས་འདིའི་ཐུག་འཕྲད་ལ་ཤུགས་རྐྱེན་ཐེབས་མེད་སྐོར། དེ་བཞིན། སྐུ་ཞབས་ལཱ་ཝ་རའོ་དང་ཁོང་གཉིས་ཀྱིས་སི་རི་ཡའི་ནང་གི་ཟིང་འཁྲུག་ཞི་འཇགས་གཏོང་ཐབས་ཐོག་གྲོས་མོལ་བྱས་ཡོད་སྐོར་སོགས་བརྗོད་འདུག

ཊི་རུམ་ཕིས་གསར་འགོད་པར་ “ང་ཚོས་དམར་གསོད་དེ་མཐོང་འདོད་མི་འདུག མི་འགྱང་བར་སི་རི་ཡའི་ནང་གི་ཡ་ང་བའི་དམར་གསོད་དེ་ཞི་འཇགས་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་གཞུང་དམངས་ཚང་མས་ཟིང་འཁྲུག་དེ་ཞི་འཇགས་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།” ཅེས་བརྗོད།

ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཊི་རུམ་ཕིས་གསང་བའི་ལས་ཁུངས་གྱི་འགན་འཛིན་གནས་དབྱུང་གཏོང་དོན་ནི། གསང་བའི་ལས་ཁུངས་ཀྱི་རྟོག་ཞིབ་ལས་དོན་ནར་འགྱངས་གཏོང་རྒྱུའི་ཆེད་དུ་ཡིན་སྐོར་བརྗོད་ཡོད་ཀྱང་། ཁྲིམས་དཔོན་གཞོན་པ་རའོ་སིན་སི་ཊེན་ལགས་ཀྱིས་སྐུ་ཞབས་ཁོ་མཱེ་ལགས་ཀྱི་རྟོག་ཞིབ་སྙན་ཐོ་དེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཞིབ་བཤེར་དབང་ཚད་ལ་འགོག་རྐྱེན་བཟོས་ཡོད་སྐོར་བཤད་ཡོད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་བའི་ནང་། ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རའོ་རྣམ་གཉིས་ཀྱིས་སི་རི་ཡའི་ནང་གི་ཟིང་འཁྲུག་ཞི་འཇགས་བཟོས་ཏེ་སྐྱབས་བཅོལ་བ་སྟོང་ཕྲག་མང་པོའི་དཀའ་སྡུག་སེལ་ཐབས་བྱ་རྒྱུ་དང་། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་གཏོང་ལེན་བྱེད་ཕྱོགས་སོགས་ལ་གྲོས་མོལ་བྱས་ཡོད་སྐོར་འཁོད་ཡོད། འོན་ཀྱང་། གསལ་བསྒྲགས་དེའི་ནང་ཊི་རུམ་ཕི་དང་ལཱ་ཝ་རའོ་གཉིས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཞིབ་འཇུག་རྩོད་རྙོག་དེའི་སྐོར་གླེང་སློང་བྱས་ཡོད་མེད་གསལ་བཤད་བྱས་མེད།

ཨ་རིའི་ནང་གི་ཨུ་རུ་སུའི་གཞུང་ཚབ་ཁཱེ་སལ་ཡ་ཁི་ (Sergey Kislyak) ལགས་ནི་ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ཀྱི་རྟོག་ཞིབ་མི་སྣའི་ཁྲོད་ཀྱི་དོགས་ཡོད་གཅིག་ཡིན་ཡང་། ཁོ་ཐེངས་འདིའི་ཕྱོགས་གཉིས་ཀྱི་དཔོན་རིགས་ཐུག་འཕྲད་ཐོག་མཉམ་ཞུགས་བྱས་ཡོད།

༢༠༡༦ ལོར་ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས། རྒྱལ་སྲུང་ལས་ཁུངས་ཀྱི་བློ་འདོན་པ་ཧྥི་ལེན་ (Flynn) གྱིས་ཨུ་རུ་སུའི་གཞུང་ཚབ་ཁཱེ་སལ་ཡ་ཁི་ལ་གནས་ཚུལ་ལོག་འགྲེལ་བྱས་པའི་ཉེས་འཛུགས་འོག་ཧྥི་ལིན་གནས་དབྱུང་བཏང་ཡོད། ཝ་ཤིན་ཊོན་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་སྤྱི་ཁྱབ་ཁྲིམས་དཔོན་ལས་ཚབ་ཡ་ཊི་ (Sally Yates) ལགས་ཀྱིས་སྐུ་ཞབས་ཧྥི་ལེན་ལ་ཉེས་འཛུགས་བྱས་ཕྱིར་འཕུད་བཏང་བ་དེ་ཨུ་རུ་སུའི་གཡོ་ཇུས་ཤིག་ཡིན་སྐོར་འཁོད་ཡོད།

སྐུ་ཞབས་ཡ་ཊི་ལགས་ཀྱིས་ཊི་རུམ་ཕིའི་སྐྱབས་བཅོལ་དང་གནས་སྤོའི་སྲིད་ཇུས་ངོས་ལེན་མ་བྱས་སྟབས། ཁོ་རང་ཕྱི་ཟླ་ ༡ ནང་གནས་དབྱུང་བཏང་ཡོད་ཀྱང་། ཕྱིས་སུ་ཨ་རིའི་ཁྲིམས་ཁང་གིས་ཀྱང་ཊི་རུམ་ཕིའི་སྐྱབས་བཅོལ་དང་གནས་སྤོའི་སྲིད་ཇུས་བཀག་སྡོམ་བྱས་ཡོད།

སྐུ་ཞབས་ཁོ་མཱེ་ལགས་གནས་དབྱུང་བཏང་བའི་གནད་དོན་གླེང་སློང་བྱེད་མཁན་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དམིགས་བསལ་ཁྲིམས་ཞིབ་པ་གསར་བ་བསྐོས་ཏེ། ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་ཨུ་རུ་སུས་ཐེ་གཏོགས་བྱས་ཡོད་མེད་དང་། ཊི་རུམ་ཕིའི་འོས་བསྡུའི་ལས་འགུལ་སོགས་ལ་གང་མགྱོགས་རྟོག་ཞིབ་བྱེད་དགོས་སྐོར་བརྗོད་ཡོད།

དམིགས་བསལ་ཁྲིམས་ཞིབ་པ་བསྐོ་བཞག་བྱེད་པར་ཊི་རུམ་ཕིས་རྒྱབ་སྐྱོར་ཡོད་མེད་སྐོར་ལ་ཕོ་བྲང་དཀར་པོའི་གསར་འགོད་དྲུང་གཞོན་ལྕམ་སན་ཌིར་སི་ (Huckabee Sanders) ལགས་ཀྱིས་ “ཨུ་རུ་སུར་རྟོག་ཞིབ་བྱེད་རྒྱུ་དེ་རྒྱལ་ནང་གསང་བའི་ལས་ཁུངས་ལས་དོན་གཞན་དག་དང་བསྡུར་ན་ལས་དོན་ཆུང་ཆུང་ཞིག་ཡིན་སྟབས། ཁྲིམས་ཞིབ་པ་འཕྲལ་དུ་བསྐོ་དགོས་པར་མཐོང་མ་སོང་” ཞེས་བརྗོད་ཡོད།

ལཱ་ཝ་རའོ་ཡིས་བཤད་རྒྱུར། “ཨོ་བྷ་མའི་གཞུང་དང་མི་འདྲ་བར་ད་ལྟ་ང་ཚོའི་བར་གྱི་འབྲེལ་མོལ་ལོག་འགྲེལ་བྱེད་མཁན་མེད”ཅེས་དང་། “སྲིད་འཛིན་ཊི་རུམ་ཕི་དང་ཁོའི་གཞུང་། དེ་བཞིན། ཕྱི་སྲིད་དྲུང་ཆེ་བཅས་ཀྱིས་དཔོན་རིགས་ཁ་ཅིག་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་འགལ་རྐྱེན་བཟོ་ཡི་ཡོད་སྐོར་བཤད་པ་དེར་ཡིད་ཆེས་ཡོད”ཅེས་ཟེར།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཕྱི་ཟླ་དང་པོའི་ཞིབ་འཇུག་སྙན་ཐོའི་ནང་། ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཨ་རིའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་ཆེད་གཏོར་བརླག་དང་། དམངས་གཙོ་ཚོགས་པའི་གློག་འཕྲིན་ལ་ལྐོག་ལྟ་དང་ནག་གསུབ་གཏོང་ཐུབ་སོགས་བྱས་ཡོད་སྐོར་བརྗོད་ཡོད། འོན་ཀྱང་། ཨུ་རུ་སུས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཉེས་འཛུགས་དེར་ངོས་ལེན་བྱས་མེད། དེའི་སྐོར་ལ་སྐུ་ཞབས་ལཱ་ཝ་རའོ་ལགས་ཀྱིས་ “ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གནས་ཚུལ་རྫུན་མ་ཞིག་ལ་སྐྱོན་བརྗོད་བྱས་པ་རེད། ངས་ཕྱིའི་རྒྱལ་ཁབ་ཅིག་གི་རྣམ་པའི་ཐོག་ནས་ནང་ཁུལ་གྱི་ཆབ་སྲིད་པ་ཚོས་ཕན་ཚུན་གྱི་སྒྲིག་འཛུགས་ལ་གཏོར་བརླག་གཏོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད” ཅེས་བརྗོད་ཡོད།

འོན་ཀྱང་། ཊི་རུམ་ཕིའི་གཞུང་གིས་ཨུ་རུ་སུར་ངན་འབྲེལ་བྱས་པའི་གླེང་ཕྱོགས་དེར་ངོས་ལེན་བྱེད་ཀྱི་མེད་ལ། ཟླ་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་སྲིད་འཛིན་པུ་ཊིན་ལ་ཐུག་འཕྲད་བྱས་པ་བརྒྱུད་དེ། ཁ་སང་གཟའ་ལྷག་པའི་ཉིན་ཕྱོགས་གཉིས་ཀྱི་གནད་ཡོད་དཔོན་རིགས་ཕོ་བྲང་དཀར་པོའི་ནང་ཐུག་ཕྲད་བྱུང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༡༡

Leave a Reply

One thought on “ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རའོ་གཉིས་ཐུག་འཕྲད་བྱས།

  1. སྲས་སྐུ་ངོ་།

    ན་ནིང་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་ནས་བཟུང་ཨུ་རུ་སུས་སྲིད་འཛིན་འོས་མི་ཁྲི་རོན་པུ་ལ་ཨ་རིའི་སྲིད་འཛིན་ཐོབ་ཆེད་བྱུས་གཏོགས་བྱས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། སྐབས་དེར་ཝེ་ཀེ་ལེ་ཁུ་སི་( Wikileaks) ཡིས་དམངས་གཙོ་ཚོགས་པའི་ཚོགས་གཙོ་དང་སྲིད་འཛིན་འོས་མི་ལྕམ་ཧེད་ལཱ་རེལ ( Hillary Clinton) ། ཧེད་ལཱ་རེལ་སྲིད་འཛིན་འོས་བསྡུ་འགན་འཛིན་བཅས་ཀྱིས་ལྕམ་ཧེད་ལ་རེལ་ཡི་ཁ་གཏད་སྲིད་འཛིན་འོས་མི་སེན་ཌིར་ ( Bernie Sanders) དམངས་གཙོ་ཚོགས་པའི་སྲིད་འཛིན་མི་འོས་མ་ཐོབ་ཆེད་ལྐོག་ཇུས་གནས་ཚུལ་སོགས་ཕྱིར་བཏོན་པ་དང་། དེ་རྗེས་ཨ་རིའི་མནའ་འབྲེལ་གསང་བའི་ཁུངས་(FBI)ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་(James Comey) ཡིས་ལྕམ་ཧེད་ལཱ་རེལ་གློག་འཕྲིན་གནད་དོན་ལ་ཁུངས་གནས་གསར་རྙེད་བྱུང་ཚུལ་ཡོད་བརྗོད་དེ།  ཡང་བསྐྱར་མོ་རང་གི་གློག་འཕྲིན་གནད་དོན་བསྐྱར་ཞིབ་བྱེད་མགོ་བཙུགས་པ་རེད། དེ་ནི་ཨ་རིའི་སྲིད་འཛིན་འོས་བསྡུ་ཉེས་སྐབས་ཡིན་པས་དམངས་གཙོ་ཚོགས་པས་འགན་འཛིན་ཇེམ་སི་ཁོབ་མེ་ལ་སྲིད་དོན་ཀུན་སློང་ཡིན་པར་སྐྱོན་བརྗོད་ཤུགས་ཆེན་བྱས་ཀྱང་། མོ་རང་གི་གློག་འཕྲིན་གནད་དོན་ལ་བསྐྱར་ཞིབ་བྱས་ཀྱང་གྲུབ་འབྲས་གང་ཡང་བྱུང་མེད་ཀྱང་། ལྕམ་ཧེད་ལཱ་རེལ་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད། 

    སྐབས་དེར་མནའ་འབྲེལ་གསང་བའི་ལས་ཁུངས་ཀྱིས་སྲིད་འཛིན་འོས་མི་ལྕམ་ཧེད་ལཱ་རེལ་གྱི་གློག་འཕྲིན་གནད་དོན་བསྐྱར་ཞིབ་གསལ་བསྒྲགས་བྱས་རྗེས། སྲིད་འཛིན་འོས་མི་ཁྲི་རོན་པུ་ཡིས་གསང་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ལ་བསྔགས་བརྗོད་དང་། ཁོ་རང་ཨ་རིའི་སྲིད་འཛིན་ཆགས་རྗེས་ཕོ་བྲང་དཀར་པོའི་ནང་དུ་གཞུང་འབྲེལ་གནད་ཡོད་མི་སྣ་ཐུག་འཕྲད་སྐབས། སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས། འགན་འཛིན་ཇེམ་སི་ཁོབ་མེ་ཚུར་སྐད་བཏང་སྟེ། ཁྱེད་རང་ང་ལས་སྐད་གྲགས་ཆེན་པོ་རེད་ཅེས་གདེང་འཇོག་ཚད་མེད་བྱས་ཡོད། 

    དེ་སྔོན་དམག་སྤྱི་ཟུར་བ་ཧྥེ་ལིན་གྱིས་ཨ་རིའི་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་དང་འབྲེལ་བ་བྱས་པའི་གནད་དོན་དང་འབྲེལ་ཏེ། ཨ་རིའི་གྲོས་ཚོགས་འོག་མའི་ནང་༢༠༡༦ ལོའི་སྲིད་འཛིན་འོས་བསྡུ་ལ་ཨུ་རུ་སུས་ཤུགས་རྐྱེན་དང་བྱུས་གཏོགས་བྱས་ཡོད་མེད་ཀྱི་གླེང་སློང་ཤུགས་ཆེར་སོང་སྟབས། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ཡིས་མགོ་ཁྲིད་འོག་སྲིད་འཛིན་འོས་བསྡུ་སྐབས་ཨུ་རུ་སུ་དང་ཁྲི་རོན་པུ་འོས་བསྡུ་ལྷན་ཚོགས་ཀྱི་ཚོགས་མི་བར་གྱི་འབྲེལ་ལམ་སྐོར་རྟོག་ཞིབ་བྱེད་མགོ་བཙུགས་པ་དང་། གཟའ་འཁོར་སྔོན་མའི་ནང་འགན་འཛིན་ཇེ་སི་ཁོབ་མེ་ཁྲིམས་དོན་ལས་ཁུངས་སུ་སོང་སྟེ། ཨུ་རུ་སུས་སྲིད་འཛིན་འོས་བསྡུ་ལ་བྱུས་གཏོགས་བྱས་ཡོད་མེད་ཀྱི་རྟོག་ཞིབ་ལ་ཁྲིམས་དོན་ལས་ཁུངས་ཀྱིས་ཡིག་ཆ་མཁོ་སྤྲོད་དང་གནད་ཡོད་མི་སྣ་ལ་འདྲི་གཅོད་ཆོག་པའི་དབང་ཆ་སོགས་ཀྱི་ཕྱོགས་ནས་རམ་འདེགས་དགོས་ཚུལ་བརྗོད་པ་དང་། ཉིན་གཅིག་གཉིས་རྗེས་ཁོ་རང་གཞུང་འབྲེལ་ཐོག་ཨ་རིའི་གྲོང་ཁྱེར་ལོབ་སི་ཨན་ཇིལ་ལེ་སི་(Los Angeles)ནང་དུ་འགྲོ་ཡོད་འདུག 

    ཡིན་ནའང་། དེ་རྗེས་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་ཇེ་ཧྥུ་སེ་ཞོན་( Jeff Session ) དང་དྲུང་ཆེ་གཞོན་པ་རོབ་སེན་སི་དིན་(Rod Rosenstein) གཉིས་ཕོ་བྲང་དཀར་པོའི་ནང་ཕྱིན་ཏེ་སྲིད་འཛིན་ཁྲི་རོན་པུ་ལ་ཐུག་འཕྲད་གནང་ཡོད་པ་དང་། ཁོང་ཚོས་མནའ་འབྲེལ་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གནས་དབྱུང་གཏོང་བའི་སྐོར་ལ་གླེང་མོལ་གང་བྱས་མེད་ཤེས་ཀྱི་མེད་ཀྱང་རྗེས་སུ་ཏག་ཏག་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ལས་གནས་གནས་དབྱུང་བཏང་ཡོད།  ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་གཙོ་གཞོན་གཉིས་སྲིད་འཛིན་ཁྲི་རོན་པུ་ཡིས་དྲུང་ཆེའི་མིང་འདོན་བྱས་སྟེ་གྲོས་ཚོགས་འཐུས་མི་ཚོས་བསྐོ་བཞག་བྱས་པ་ཞིག་ཡིན། 

    ཟླ་འདིའི་ཚེས་ ༩ ཉིན་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་གཙོ་གཞོན་གཉིས་ཀྱི་ལམ་སྟོན་འོག ཨ་རིའི་མནའ་འབྲེལ་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཇེམ་སི་ཁོབ་མེ་ཡིས་གསང་བའི་ལས་ཁུངས་ཀྱི་ཕྱག་ལས་ཚགས་ཚུད་གནང་བའི་འཇོན་ཐང་མེད་པས་གནས་དབྱུང་བཏང་བའི་གསལ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་འགན་འཛིན་ཇེམ་སི་ཁོབ་མེ་ཡིས་གྲོང་ཁྱེར་ལོབ་སི་ཨན་ཇིལ་ལའི་ནང་གི་གསང་བའི་ལས་བྱེད་ཚོར་ཟབ་སྦྱོང་གཏམ་བཤད་གནང་བའི་སྐབས་ཤིག་ཡིན་ལ། ཁོང་གིས་གསར་འགྱུར་ཐོས་འཕྲལ་གཏམ་བཤད་ཤོད་བཞིན་པ་མཚམས་འཇོག་བྱས་ཡོད་འདུག 
    སྲིད་འཛིན་ཁྲི་རོན་པུ་ཡིས་གནས་དབྱུང་ཡི་གེ་ནང་དུ། ཁྲིམས་དོན་ལྷན་ཁང་གི་དྲུང་ཆེ་གཙོ་གཞོན་གྱིས་ཁྱེད་རང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྱེད་པའི་འཇོན་ཐང་མེད་པས་ལས་གནས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། ཁྱེད་ཀྱིས་ང་ལ་འདྲི་བརྩད་རྟོག་ཞིབ་བྱེད་ཀྱི་མེད་པའི་གནས་ཚུལ་ཐེངས་གསུམ་བཤད་པར་ཡིད་རངས་བྱེད་ཀྱི་ཡོད་སོགས་འཁོད་འདུག

     ཉིན་དེར་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས། ཨ་རིའི་གསང་ལས་ཁུངས་ཀྱི་འགན་འཛིན་གནས་དབྱུང་བཏང་རྗེས། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་( Sergey Lavrov) གཙོས་ཨུ་རུ་སུའི་གཞུང་ཆེན་མོ་དང་གཞུང་འབྲེལ་མི་སྣ་བཅས་ཕོ་བྲང་དཀར་པོའི་གདན་འདྲེན་གྱིས་ཐུག་འཕྲད་གནང་སྟེ། ཨ་རི་དང་ཨུ་རུ་སུའི་ཕྱི་འབྲེལ་སྲིད་བྱུས་གཙོས་སུ་རི་ཡའི་གནད་དོན་སེལ་ཕྱོགས་གྲོས་མོལ་གནང་བ་དང་ཕྱོགས་གཉིས་ཀྱིས་གྲོས་མོལ་ཡག་པོ་བྱུང་སྐོར་བརྗོད་ཡོད། 

    གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཕྱིར་འབུད་བཏང་བའི་ཐད། ཨ་རིའི་གྲོས་ཚོགས་འཐུས་མི་ལ་ལས་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་ཐག་གཅོད་ལ་རྒྱབ་སྐྱོར་དང་ལ་ལས་སྐྱོན་བརྗོད་བྱས་པ་མ་ཟད། འགན་འཛིན་ཇེམ་སི་ཁེབ་མེ་ཡིས་ཨུ་རུ་སུ་དང་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱི་འོས་བསྡུ་ལྷན་ཚོགས་གཉིས་ཀྱི་འབྲེལ་ལམ་སྐོར་རྟོག་ཞིབ་བྱེད་བཞིན་ཡོད་པར་ཞེད་སྣང་སྐྱེས་ཏེ་ཁོ་རང་ཕྱིར་འབུད་བཏང་ཡོད་པ་དང་། གནད་དོན་དེ་རྟོག་ཞིབ་བྱེད་པར་གྲོས་ཚོགས་ཀྱིས་རང་དབང་ལྡན་པའི་དམིགས་བསལ་ཚོགས་ཆུང་ཆེད་འཛུགས་དགོས་པའི་རེ་བ་རྒྱག་གི་ཡོད་འདུག

    ཟླ་འདིའི་ཚེས་ ༡༠ ཉིན་གནས་དབྱུང་བཏང་བའི་འགན་ཛིན་ཇེམ་སི་ཁེབ་མེ་ཡིས་ལས་རོགས་ཚོར་བཏང་བའི་འཕྲིན་ཡིག་ནང་དུ། ངས་སྔོན་མ་ནས་སྲིད་འཛིན་གྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་གསང་བའི་འགན་འཛིན་ནམ་ཡིན་ལ་གནས་དབྱུང་གཏོང་ཆོག་པར་ཡིད་ཆེས་བྱེད་ཀྱི་ཡོད། ངས་འཛིན་སྐྱོང་གིས་གནས་དབྱུང་བཏང་བའི་ཐག་གཅོད་ཐོག་དུས་ཚོད་གང་ཡང་གཏོང་འདོད་མེད་ལ། ང་མི་སྒེར་མཚོན་ན་སྐྱོན་གང་མེད། ངས་སྔོན་མ་ཁྱེད་ཚོར་བཤད་པར་ལྟར། ཟིང་ཆ་ཚ་བོའི་སྐབས། ཨ་རིའི་མི་མང་གིས་གསང་བའི་ལས་ཁུངས་ཀྱི་བརྟན་བརླིང་དང་དྲང་བདེན། རང་ཚུགས་མཐོང་བ་བཟོ་དགོས་ཀྱི་ཡོད་ཅེས་སོགས་བྲིས་འདུག 

    
གྲོས་ཚོགས་གོང་མའི་གསང་བའི་ཚོགས་ཆུང་གིས་ཛ་དྲག་གིས་གསང་བའི་ལས་ཁུངས་ཀྱི་ལས་ཚབ་འགན་འཛིན་མེལ་ཁེད་བྷེ་(Andrew McCabe ) ལགས་གྲོས་ཚོགས་ཚོགས་ཆུང་ནང་སྐད་བཏང་སྟེ། གནས་དབྱུང་བཏང་བའི་གསང་བའི་འགན་འཛིན་ཇེམ་སི་ཁོབ་མེ་ལགས་ལ་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཚོས་ཡིད་ཆེས་བརླག་ཡོད་དམ་དྲིས་པར། ཁོང་གིས། མེད། ངས་ཁོང་གི་འཇོན་ཐང་དང་དྲང་བདེན་གྱི་གཤིས་ཀ་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། ལས་བྱེད་མང་ཤོས་ཀྱིས་ཁོང་ལ་ཁ་ཡོད་ལག་ཡོད་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར། འབྲེལ་ལམ་གཏིང་ཟབ་ཡོད་མཁན་ཤ་སྟག་ཡིན་ཞེས་ལན་སྐྱོན་འདུག 
    ཐེངས་འདིར་སྲིད་འཛིན་ཁྲི་རོན་པུ་ལགས་ཀྱིས་ཨ་རིའི་མནའ་འབྲེལ་གསང་ལས་ཁུངས་ཀྱི་འགན་འཛིན་ཕྱིར་འབུད་བཏང་བ་དེ་ཕོ་བྲང་དཀར་པོའི་ནང་ས་གཡོམ་བརྒྱབ་པ་ཐོག་མ་དང་མཐའ་མ་མིན་པས། གསར་འགྱུར་བརྒྱུད་ལམ་ཁག་ཏུའང་འ་བྱུང་འགྱུར་ཕོ་བྲང་དཀར་པོས་སུ་ཞིག་གནས་དབྱུང་གཏོང་གི་ཡོད་མེད་དང་ཨུ་རུ་སུས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཐེས་གཏོགས་བྱས་ཡོད་མེད་ཀྱི་རྟོག་ཞིབ་བྱེད་ཐུབ་མིན་སྐོར་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད འདུག