ཨ་རིར་ཞབས་འདེགས་ཞུ་རྒྱུ་ཡིན་ནམ། ཨ་རིར་ཞབས་འདྲེན་འཇོག་རྒྱུ་ཡིན།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༢༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་འདི་གར་གསར་ལམ་ཆེ་ཆུང་ཚང་མའི་ནང་ཨ་རིའི་སྲིད་འཛིན་གསར་པ་ཊི་རུམ་ཕི་གླེང་གི་འདུག ཨ་རི་ལ་དགའ་མཁན་ཚོས་གླེང་གི་འདུག་ལ་མི་དགའ་མཁན་ཚོས་ཀྱང་གླེང་གི་འདུག ཊི་རུམ་ཕི་ལ་དགའ་མཁན་ཚོས་གླེང་གི་འདུག་ལ་མི་དགའ་མཁན་ཚོས་ཀྱང་གླེང་གི་འདུག གང་ལྟར། ཊི་རུམ་ཕི་ཡིས་ཨ་རི་སླར་ཡང་རླབས་ཆེན་བཟོ་རྒྱུ་ཡིན་ལབ་པ་ལྟར། འཛམ་གླིང་མི་མང་གི་སེམས་ནང་ཨ་རི་སྔར་ནས་རླབས་ཆེན་ཡིན་པ་གང་ས་གང་ནས་མཐོང་གི་འདུག

སྲིད་འཛིན་ཨོ་བྷ་མས་ཨ་རིའི་མི་མང་ལ་ཞི་འཇམ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བབ་བསྟུན་གྱིས་ཨ་རིའི་ཁེ་ཕན་བསྒྲུབས་པ་དང་། ཊི་རུམ་ཕིས་ཨ་རིའི་མི་མང་ལ་དྲག་ཤུལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨུ་ཚུགས་ཀྱིས་ཨ་རིའི་ཁེ་ཕན་བསྒྲུབས་པ་གཉིས་ཕྱིའི་རྣམ་པ་མི་འདྲ་བ་ལས། གཉིས་ཀས་ཨ་རིའི་ཁེ་ཕན་བསྒྲུབས་པ་གཅིག་མཚུངས་རེད་ལ། ཁེ་ཕན་དེའང་ཨ་རི་རླབས་ཆེན་ཟེར་བའི་རིན་ཐང་གི་ཁེ་ཕན་དེ་མ་ཡིན་པར་དཔལ་འབྱོར་གྱི་ཁེ་ཕན་ཡིན་པའང་གཅིག་མཚུངས་རེད།

རླབས་ཆེན་གྱི་ཨ་རི་ཟེར་བའི་རིན་ཐང་གི་ལྟ་བ་དེར་ངོས་འཛིན་བྱེད་སྟངས་གཉིས་ཡོད། གཅིག་ཨ་རིའི་མེས་པོ་དམ་པ་ཇོར་ཇི་ཝ་ཤིན་ཊོན་དང་ཨ་པི་ཧམ་ལིན་ཁིན་སོགས་ཀྱིས་གཅེས་པར་བསྐྱངས་པའི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། རང་དབང་དང་འདྲ་མཉམ་སོགས་ཀུན་ཁྱབ་ཀྱི་རིན་ཐང་འདི་དག་ཡིན་ལ། རིན་ཐང་གི་ལྟ་བ་གཞན་དེ་གནའ་སྔ་མོའི་ཨ་རིའི་རང་བཙན་འཐབ་རྩོད་སྐབས་ཀྱི་དཔའ་ངར་སྙིང་སྟོབས་དང་ཤེས་རབ་བློ་གྲོས་སོགས་རེད།

རིན་ཐང་ཕྱི་མ་དེ་ཨ་རི་ཙམ་མ་ཡིན་པར་ཡུལ་ལུང་དང་མི་རིགས་ཚང་མར་ཡོད་པའི་ལོ་རྒྱུས་ངོས་ཀྱི་རིན་ཐང་ཞིག་ཡིན་ལ། སྔ་མ་དེ་ནི་ཨ་རིའི་དམ་བཅའ་དང་སྲོག་ཤིང་ཏུ་གྱུར་བའི་ཐུན་མོང་མ་ཡིན་པའི་རིན་ཐང་གི་ཆ་དེ་རེད། ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་དང་ཉེར་གཅིག་མཚམས་ཀྱི་ཨ་རིའི་སྲིད་འཛིན་རིམ་བྱུང་གི་ལས་དོན་ཁྲོད་དུ་རིན་ཐང་འདི་དག་ལ་བདག་མེད་ལ། ལྷག་པར་དུ་འདས་མ་ཐག་གི་སྲིད་འཛིན་རིམ་པ་གསུམ་གྱིས་ཨ་རིའི་རླབས་ཆེན་གྱི་རིན་ཐང་མང་པོ་ཞིག་ཉམས་ཆག་ཏུ་བཏང་ཡོད།

དེང་གི་གོ་ལ་གཅིག་གྱུར་གྱི་དུས་རབས་ནང་། སྲིད་འཛིན་ཊི་རུམ་ཕི་ཡིས་སྐྱབས་བཅོལ་བ་གཙོས་པའི་གནས་སྤོ་མི་མང་བཀག་སྡོམ་བྱས་པ་དེས་མི་མང་མགོན་མེད་རྣམས་བློས་གཏོང་བྱས་ཡོད་པ་དང་། སྤྱི་ཚོགས་ཀྱི་ཐོབ་ཐང་བློས་བཏང་སྟེ་མི་སྒེར་གྱི་ཐོབ་ཐང་གཙོ་བོར་བཟུང་བ་དེས་མི་དང་མིའི་བར་འཁོན་སེམས་དང་རྫོགས་མཐའ་མེད་པའི་འགྲན་རྩོད་བསླངས་ཡོད། དེ་བཞིན། རྒྱལ་སྤྱིའི་བདེ་འཇགས་ལས་ཨ་རིའི་བདེ་འཇགས་མིག་འབེན་བྱས་པ་དེས་གོ་ལ་ཧྲིལ་བོ་ཉེན་ཁར་དེད་པ་སོགས་ཀྱི་བྱ་སྤྱོད་འདི་དག་གིས་ཨ་རི་སླར་ཡང་རླབས་ཆེན་བཟོ་ཐབས་མེད།

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply