ཨན་ཇི་ལི་ནཱས་ཁཱམ་པོ་ཌའི་ཆབ་སྲིད་གླེང་བ།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་བཀོད་པར། ཁ་སང་ཨ་རིའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཆེན་ལྕམ་ཨན་ཇི་ལི་ནཱ་ཇོ་ལིས་(Angelina Jolie )ལགས་ཀྱིས་མོ་རང་གི་གློག་བརྙན་གསར་བ་༼ ཁོ་ཚོས་ཐོག་མར་ངའི་པཱ་ལགས་བསད་སོང་།༽ཞེས་བའི་སྐོར་བརྗོད་ཡོད་འདུག

གློག་བརྙན་དེ་ནི། ཁཱམ་པོ་ཌི་ཡཱ་(Cambodia)རིགས་རྒྱུད་རྩ་གཏོར་ཆེན་པོའི་ཆགས་སྒོའི་སྐབས། བྱིས་པ་ཞིག་གི་མི་ཚེའི་ནང་དངོས་སུ་བྱུང་མྱོང་བའི་སྒྲུང་ཞིག་བརྗོད་གཞིར་བཟུང་སྟེ་འཁྲབ་སྟོན་བྱས་ཡོད། ཇཱོ་ལིས། གློག་བརྙན་འདི་བརྒྱུད་དེ་ཁཱམ་པོ་ཌི་ཡའི་མང་ཚོགས་ཚོས་སྐབས་དེའི་ཆགས་སྒོའི་སྐོར་གྱི་གནས་ཚུལ་མང་པོ་ཞིག་ཕྱིར་འདོན་ཐུབ་པའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་སོང་།

ཁཱམ་པོ་ཌི་ཡའི་རིགས་རྒྱུད་རྩ་གཏོར་ཁྲོད་མི་འབོར་ས་ཡ་ ༢ བསད་ཡོད་འདུག

ལྕམ་ཨན་ཇཱོ་ལི་ལགས་ ༢༠༠༡ ལོར་ཁཱམ་པོ་ཌི་ཡར་མོ་རང་གི་གློག་བརྙན་སྐད་གྲགས་ཅན་༼དུར་བྱང་གི་དཔུང་རྒོལ་བྱེད་པོ།( Tomb Raider ) ༽ ཞེས་བ་ཕབ་སྐྲུན་བྱེད་པར་ཡུལ་དེར་ཐོག་མར་ཕྱིན་ཡོད། སྐབས་དེར་མོས་རང་ཉིད་ཀྱི་བུ་རྒན་པ་མཱེ་ཌོའོ་སི་( Maddox )མོ་རང་གི་བུ་ཚབ་དུ་ཉར་བ་དང་། ད་ལྟ་ཡུལ་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་གཞུང་ཚབ་པ་ཡིན་འདུག

“ང་འདིར་ཡོང་ནས་རྒྱལ་ཁབ་འདིའི་ལོ་རྒྱུས་སྦྱངས་བ་དང་རྒྱལ་ཁབ་འདིའི་མི་མང་ལ་བརྩེ་བ་བསླེབས་སོང་། གོ་རིམ་དེའི་ཁྲོད་ད་སྔ་ངས་ཤེས་བའི་འཛམ་གླིང་གི་གནས་ཚུལ་ནི་ཧ་ཅང་ཉུང་ཉུང་ཞིག་དང་ཆུང་ཆུང་ཞིག་ཡིན་པ་ཧ་གོ་སོང་།” ཞེས་མོས་བྷི་བྷི་སི་གསར་འགོད་པ་ཡལ་རྡ་ཧཱ་ཀེམ་ (Yalda Hakim) ལགས་སུ་བརྗོད་འདུག

“ང་ལ་མཚོན་ན། རྒྱལ་ཁབ་འདི་ང་རང་གཉིད་ལས་སློང་མཁན་ཡིན། ངས་དུས་ནམ་ཡང་རྒྱལ་ཁབ་འདིའི་བཀའ་དྲིན་བརྗེད་མི་སྲིད། རྒྱལ་ཁབ་འདིས་ང་ལ་གནང་བ་མང་དྲགས་པས། ངས་ཕར་སྐྱིན་ཚབ་སྤྲད་ཀྱང་ཁ་གསབ་ཐུབ་པ་ཞིག་མ་རེད་བསམ་གྱི་འདུག” ཅེས་བརྗོད་འདུག

༼ཁོ་ཚོས་ཐོག་མར་ངའི་པཱ་ལགས་བསད་སོང་།༽ ཞེས་བའི་གློག་བརྙན་འདི་ནི། བུ་མོ་ལཱོ་ཨཱ་ (Loung Ung)ཞེས་བའི་དངོས་སྒྲུང་དེ་བརྗོད་གཞིར་བཞག་ཡོད་པ་དང་། ལཱོ་ཨཱ་ལོ་ ༥ ཡིན་སྐབས་མོ་དང་མོའི་ནང་མི་ཚང་མ་དམར་ཤོག་ཚོགས་པའི་དྲག་སྤྱོད་ལ་ཞེད་སྣང་གིས་ཁྱིམ་དང་ཁ་བྲལ་ཏེ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་དང་། སྐབས་དེར་མོའི་ཁྱིམ་ཚང་ཁཱམ་པོ་ཌི་ཡའི་རྒྱལ་ས་ཧྥོམ་པཱན་ (Phom Penh)དུ་ཡོད་ཅིང་། དམར་ཤོག་ཚོགས་པ་མ་བསླེབས་སྔོན་ལ་མོས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད་ཀྱང་། དྲག་སྤྱོད་པ་བསླེབས་ཏེ་མོའི་ཁྱིམ་ཚང་བྲོས་བྱོལ་དང་བྲོས་བྱོལ་ནས་ཁ་འཐོར་དུ་བཏང་སྟེ་དཀའ་སྡུག་མང་པོ་མྱངས་བའི་སྐོར་སོགས་རེད།

དམར་ཤོག་ཚོགས་པ་དེས་ ༡༩༧༥ ནས་ ༡༩༧༩ ལོའི་བར་ཁཱམ་པོ་ཌི་ཡའི་མི་འབོར་ས་ཡ་ ༢ ལྷག་བསད་དེ། སྐབས་དེའི་མི་འབོར་གྱི་བཞི་ཆའི་ ༡ བསད་ཡོད་པ་རེད། དམར་ཤོག་ཚོགས་པ་དེ་ནི་ཁཱམ་པོ་ཌི་ཡའི་ཆབ་སྲིད་པ་དང་གསར་བརྗེའི་གྱེན་ལོག་པ་པཱོལ་པཱོ་ཌ་( Pol Pot ) ཞེས་པས་མགོ་ཁྲིད་འོག ཁཱམ་པོ་ཌི་ཡའི་ནང་རིགས་རྒྱུད་རྩ་གཏོར་གྱི་གྱེན་ལོག་བྱས་ཡོད་པ་རེད། “ལོ་ངོ་བཞི་བཅུའི་ཡར་སྔོན་གྱི་དམག་འཁྲུག་འདི་དང་དེས་མི་མང་ལ་ག་རེ་བྱས་ཡོད་མེད་ད་དུང་མགོ་ཡག་པོ་ཞིག་འཚོས་ཐུབ་ཀྱི་མི་འདུག” ཅེས་ཇཱོ་ལི་ཡིས་བརྗོད།

གློག་བརྙན་དེ་ཕལ་ཆེ་བ་ཁཱམ་པོ་ཌི་ཡའི་ཡུལ་སྐད་ཐོག་བཟོས་ཡོད་པ་དང་། དེའི་དམིགས་ཡུལ་སྐོར་ཇཱོ་ལི་ཡིས་བརྗོད་དོན། ངའི་རེ་བ་ནི་འཛམ་གླིང་གིས་ཁཱམ་པོ་ཌི་ཡའི་ནང་གི་སྤྱི་ཚོགས་གནས་སྟངས་ལ་གོ་རྟོགས་ཡོང་ཆེད་དང་། གློག་བརྙན་འདི་བརྒྱུད་ནས་མི་སྒེར་རེ་རེ་ལའང་འགུལ་སྐྱོད་རེ་ཐེབས་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་འདུག མོས་ད་དུང་ “ངའི་རེ་བར་དམག་འཁྲུག་དེའི་ནང་སྲོག་ཉེན་ལས་ཐར་མཁན་ཚོས་རང་ཉིད་ཀྱི་བྱིས་པར་ད་དུང་བཤད་མེད་པའི་དངོས་སྒྲུང་དག་བཤད་ཐུབ་པའི་རེ་བ་ཡོད།” ཅེས་བརྗོད་འདུག

གློག་བརྙན་དེ་ནི་གཟའ་སྤེན་པའི་ཉིན་ཨན་སྒའོ་བཱ་ཌ་ལྷ་ཁང་དུ་ (Angol Wat Temple) དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་ཁཱམ་པོ་ཌི་ཡའི་རྒྱལ་པོ་ནཱོ་རོ་རྡོམ་ (Norodom Sihamoni) གཙོ་བྱས་བའི་ཇཱོ་ལི་མོ་རང་དང་། མོ་རང་གི་བྱིས་པ་དྲུག་བཅས་འབྲེལ་ཡོད་མི་སྣ་མང་པོ་ཞིག་འཛོམས་ཡོད་འདུག

ཇཱོ་ལི་ཡིས་ཁཱམ་པོ་ཌི་ཡ་རྒྱལ་ཁབ་ནང་ཁོར་ཡུག་གི་ཐེབས་རྩ་བཙུགས་ཏེ་ཁོར་ཡུག་ཡར་རྒྱས་སྲུང་སྐྱོབ་སྐོར་གྱི་ལས་དོན་མང་པོ་བྱས་ཡོད་པ་དང་། ༢༠༠༥ ལོར་ཁཱམ་པོ་ཌི་ཡའི་རྒྱལ་པོ་ནཱོ་རོ་རྡོམ་མཆོག་གིས་ཇཱོ་ལི་ལ་ཁཱམ་པོ་ཌི་ཡའི་མི་སེར་ཐོབ་ཐང་སྤྲད་ཡོད་པ་རེད།

ཨན་ཇི་ལི་ནཱའི་གློག་བརྙན་གསར་བ་འདི་ད་ལོའི་ལོ་མཇུག་ལ་སྤྱི་ཚོགས་དྲ་ལམ་དུ་གཏོང་རྒྱུ་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply