ཨི་ཇེབ་ཀྱི་ལོ་རྒྱུས་གློག་བརྙན་སྐོར་གྱི་རྩོད་རྙོག

སུ་ཌན་དང་ཨི་ཇེབ་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད་རིག་གནས་མ་ལག་ཀྱང་གཅིག་པ་ཡིན་ཡང་། འཛུགས་སྐྲུན་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཁྲོམ་རྭའི་ནང་རྒྱལ་ཁབ་དེ་གཉིས་བར་འགལ་ཟླ་ཆེན་པོ་འབྱུང་བཞིན་ཡོད།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཧོ་ལི་ཝོ་ཌི་(Hollywood)གློག་བརྙན་འཁྲབ་སྟོན་མི་སྣས་ཨི་ཇེབ་(Egypt)དང་སུ་ཌན་(Sudan)རྒྱལ་ཁབ་གཉིས་བར་རྩོད་རྙོག་ཆེ་ཞིང་། ལོ་རྒྱུས་རྒྱུན་རིང་བའི་ནཱོ་བྷིན་(Nubian History)ཞེས་པའི་ལོ་རྒྱུས་སྐོར་ལ་གློག་བརྙན་ཞིག་ཕབ་སྐྲུན་བྱེད་འཆར་ཡོད་པ་དེར་ཨི་ཇེབ་མི་མང་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག

གློག་བརྙན་ཕབ་སྐྲུན་དེར་ཁེ་ཊར་(Qatar)རྒྱལ་ཁབ་ཀྱི་གློག་བརྙན་བཟོ་སྐྲུན་ཁང་ཞིག་གིས་མ་དངུལ་བཏང་སྟེ། ཨ་རིའི་ཧོ་ལི་ཝོ་ཌིའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཆེན་ཨན་ཇི་ལི་ནཱ་ཇོ་ལིས་(Angelina Jolie)དང་། ལཱོ་ན་ཌའོ་ཁ་པརོ་(Leonardo Di Caprio) གཉིས་མི་སྣ་གཙོ་བོ་བྱས་ཏེ་ཕབ་སྐྲུན་བྱ་འཆར་ཡོད་པ་དང་། གློག་བརྙན་དེས་ལོ་རྒྱུས་གཞིར་བཞག་ཐོེག སུ་ཌན་གྱི་རྒྱལ་རྒྱུད་ལས་བྱུང་བའི་གཏོར་གཟུགས་མཆོད་རྟེན་(Pyramid)དང་། དེ་ཁུལ་གྱི་ཤུལ་བཞག་རིག་གནས་སོགས་ལ་འགྲེལ་བཤད་བརྒྱབ་སྟེ། སུ་ཌན་གྱི་གནའ་བོའི་རིག་གནས་ཁྱབ་བསྒྲགས་དང་། འཛམ་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་སྐོང་འགུག་བྱེད་པའི་དམིགས་ཡུལ་བཟུང་ཡོད་འདུག

༢༠༡༡ ལོའི་ཟླ་ ༧ པའི་ནང་སུ་ཌན་ལྷོ་བྱང་གཉིས་སུ་གྱེས་ཏེ་རྒྱལ་ཁབ་གཉིས་ཆགས་ཡོད་པ་དང་། ནཱོ་བྷིན་ཞེས་བ་ནི་སུ་ཌན་གྱི་གདོན་མའི་ས་ཆ་ཞིག་གི་མིང་ཡིན་ཞིང་། སྔོན་ཆད་བྱང་ཨ་ཧྥི་རི་ཁའི་ཁོངས་གཏོགས་ཀྱི་ས་ཆ་ཞིག་ཡིན་འདུག ས་ཆ་དེར་སྤྱི་ལོའི་སྔོན་གྱི་ལོ་ངོ་ ༢༠༠༠ གོང་ནས་རིག་གནས་དར་ཡོད་པ་མ་ཟད། རྗེས་ལ་སུ་ཌན་གྱི་(Kingdom of Kush)ཞེས་པའི་རྒྱལ་པོའི་རིང་ལུགས་བྱུང་སྟེ་རྒྱལ་རྒྱུད་ཀྱི་བང་སོའི་ཆེད་དུ་གཏོར་གཟུགས་མཆོད་རྟེན་ཆེན་མོ་དེ་བཞེངས་སྐྲུན་བྱས་ཡོད། སུ་ཌན་དང་ཨི་ཇེབ་གཉིས་ཀྱི་རྩོད་གཞི་གཙོ་བོ་གཏོར་གཟུགས་མཆོད་རྟེན་གཙོས་པའི་གནའ་ཤུལ་དེ་དག་གི་བདག་དབང་སྐོར་ཡིན།

ཁཱ་ཊར་ནི་ཨ་ར་བྷི་ཡའི་ཁ་ཆེ་རྒྱལ་ཁབ་ཕྱུག་ཤོས་གྲས་ཤིག་ཡིན་པ་དང་། ༢༠༡༤ ལོའི་ཟླ་ ༣ པའི་ཚེས་ ༢༣ ཉིན་ཁ་ཊར་དང་སུ་ཌན་གཞུང་གཉིས་བར་གནའ་རྫས་བརྟག་ཞིབ་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་པ་དང་། ལོ་དེའི་ཟླ་ ༤ པའི་ཚེས་ ༣ ཉིན་ཁཱ་ཊར་གྱིས་སུ་ཌན་གཞུང་ལ་ཨ་སྒོར་དུང་ཕྱུར་གཅིག་སྤྲད་དེ་གནའ་རྫས་ཞིབ་འཇུག་བྱེད་པར་རོགས་སྐྱོར་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༣ ཉིན་ཁཱ་ཊར་རྒྱལ་པོའི་བཟའ་ཟླ་སྔོན་མ་ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་ཤེས་ཡོན་ལྷན་ཁང་གི་དམིགས་བསལ་སྐུ་ཚབ་པ་ལྕམ་ཤཱིས་ཁཱ་ཊིམ་མཱོ་རྫ་(sheikhamozabint Nasser)ལགས་སུ་ཌན་ནང་བསྐྱོད་དེ། སུ་ཌན་གྱི་གནའ་རྫས་བརྟག་ཞིབ་ལས་གཞིར་བསྔགས་བརྗོད་དང་འབྲེལ་ “སུ་ཌན་གྱི་གནའ་རྫས་ནི་འཛམ་གླིང་གི་དཔལ་ཡོན་ཀུན་གྱི་ཨ་མ་ཡིན།” ཞེས་བརྗོད་ཡོད་པ་དེར། ཨི་ཇེབ་མི་མང་གིས་སྐབས་དེར་སྐྱོན་བརྗོད་ཆེན་པོ་བྱས་ཡོད།

ཐེངས་འདིའི་གློག་བརྙན་དེ་ཕབ་སྐྲུན་མགོ་འཛུགས་ག་དུས་བྱེད་མིན་གསལ་བསྒྲགས་བྱས་མེད་ཀྱང་། སུ་ཌན་མི་མང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཇོ་ལི་གནའ་བོའི་ནཱོ་བྷིན་གྱི་རྒྱལ་མོ་བཟོས་ཏེ་བཀྲམས་ཡོད་པ་དང་། ཟླ་སྔོན་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་ཤཱིས་ཁཱ་ཊིམ་མཱོ་རྫ་ལགས་སུ་ཌན་ནང་བསྐྱོད་པ་དེ་གློག་བརྙན་དེ་བཟོ་བའི་དུས་ཚེས་གཏན་འབེབས་བྱེད་པར་སྐྱོད་པ་ཡིན་སྐོར་བརྗོད་ཡོད།

ཨི་ཇེབ་མི་མང་གིས་དུས་རྒྱུན་སོ་སོའི་རྒྱལ་ཁབ་འཛམ་གླིང་གི་དཔལ་ཡོན་ཀུན་གྱི་ཨ་མ་ཡིན་པར་རྗོད་བཞིན་ཡོད། ཨི་ཇེབ་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་སུ་ཞིག་ཡིན་ཡང་ཨི་ཇེབ་ཀྱི་གཞུང་ལམ་ཁག་དང་རྩིག་གྱང་མཐོ་བོ་དག་ཏུ་ “ཨི་ཇེབ་ལ་ལོ་ངོ་བདུན་སྟོང་གི་ལོ་རྒྱུས་ཡོད” ཅེས་པའི་ཨི་ཇེབ་གཞུང་གི་ཁྱབ་བསྒྲགས་སྦྱར་བྱང་དག་མཐོང་ངེས་ཡིན། ཨི་ཇེབ་ཀྱིས་སོ་སོའི་རྒྱལ་ཁབ་ནི་གནའ་བོའི་(Kingdom of Kush)རྒྱལ་རྒྱུད་ཀྱི་ཤུལ་བཞག་རིག་གནས་ཀྱི་བདག་པོ་ངོ་མ་དེ་ཡིན་པར་འདོད་ཀྱི་ཡོད་པ་དང་། དེ་སྔོན་ཁཱ་ཊར་གྱི་རྒྱལ་མོ་ཞིག་གིས་སུ་ཌན་ནི་དཔལ་ཡོན་ཀུན་གྱི་ཨ་མ་རེད་ཅེས་བརྗོད་པ་དེས་ཨི་ཇེབ་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོི་བཏང་ཡོད།

ད་ལྟའི་སོ་ཌན་དང་ཨི་ཇིབ་བར་གྱི་དཀའ་རྙོག

༡། ནཱ་ལཱེ་(Nile)ཆུ་བོའི་དཀའ་ངལ།
༢། སུ་ཌན་དང་ཨི་ཇེབ་གཉིས་ཀྱི་ཁྱིམ་མཚེས་ལི་བྷིའི་ཡའི་ཟིང་འཁྲུག་གི་དཀའ་ངལ།
༣། མངའ་སྡེ་བདུན་གྱིས་གྲུབ་པའི་གྷོལ་ཧྥི་ཨ་ར་བྷིའི་བར་གྱི་འབྲེལ་བ།
༤། སུ་ཌན་དང་ཁ་ཆེ་དྲག་སྤྱོད་པའི་འབྲེལ་བ།
༥། རིག་གནས་ཀྱི་མ་ལག་དང་དེའི་བར་གྱི་ཁྲོམ་རྭའི་འགྲན་རྩོད།

བསྐྱར་བཅོས།: ༢༠༡༧/༠༥/༢༥

Leave a Reply