ཨེ་རན་གྱི་སྲིད་འཛིན་བསྐྱར་དུ་སྲིད་འཛིན་ཆགས།

ཐེངས་འདིའི་ཨེ་རན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་གཡས་ཕྱོགས་དང་གཡོན་ཕྱོགས། རྙིང་ཞེན་དང་དེང་རབས་བར་གྱི་དབུ་མའི་ལངས་ཕྱོགས་འཛིན་མཁན་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་རུ་ཧ་ནེ་ (Hassan Rouhani)ལགས་སུ་རྒྱལ་ཁ་ཐོབ་འདུག

དེ་རིང་ཕྱི་དྲོར་ཨེ་རན་གཞུང་འབྲེལ་བརྙན་འཕྲིན་ཁང་གིས། ཁ་སང་ཨེ་རན་སྲིད་འཛིན་འོས་བསྡུ་བྱས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། སྲིད་འཛིན་ལས་ཐོག་པ་སྐུ་ཞབས་རུ་ཧ་ནེ་ (Hassan Rouhani) ལགས་ལ་འོས་བརྒྱ་ཆ་ ༥༨.༦ དང་སྐུ་ཞབས་རེ་སེ་ (Ebrahim Raisi) ལགས་ལ་འོས་བརྒྱ་ཆ་ ༣༩.༨ བཅས་ཐོབ་སྟེ། སྐུ་ཞབས་རུ་ཧ་ནེ་ལགས་སྐབས་གཉིས་པའི་ཨེ་རན་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་འདུག

ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད། ཨེ་རན་མི་མང་ས་ཡ་ ༤༠ ཡོད་པ་ནས་ས་ཡ་ ༣༨.༩ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། དེའི་གྲས་ནས་སྐུ་ཞབས་རུ་ཧ་ནེ་ལགས་སུ་འོས་ལྡུག་མཁན་མི་མང་ས་ཡ་ ༢༢.༨ དང་སྐུ་ཞབས་རེ་ས་ལགས་ལ་འོས་ལྡུག་མཁན་མི་མང་ས་ཡ་ ༡༥.༥ བྱུང་ཡོད་འདུག

རྙིང་ཞེན་རིང་ལུགས་ཀྱི་སྲིད་འཛིན་འོས་མི་སྐུ་ཞབས་རེ་སེ་ལགས་ཀྱིས་ཐེངས་འདིའི་སྲིད་འཛིན་འོས་བསྡུ་དེ་ཚུལ་མཐུན་མིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

སྐུ་ཞབས་རེ་སེ་ལགས་ཀྱིས་བརྗོད་དོན་ལྟར་ན། སྐུ་ཞབས་རུ་ཧ་ནེའི་རྒྱབ་སྐྱོར་མི་མང་གིས་འོས་བསྡུའི་སྒྲིག་གཞིར་ཁ་གཡར་ཏེ། སྐུ་ཞབས་རེ་སེའི་རྒྱབ་སྐྱོར་མི་མང་གི་འོས་བསྡུའི་ས་ཚིགས་ཁག་མང་པོ་ཞིག་བཀག་སྡོམ་བྱས་ཏེ་འོས་ལྡུག་ཏུ་བཅུག་མེད་ཟེར།

འདས་པའི་ལོ་ངོ་འདི་དག་རིང་ཨེ་རན་གྱི་རྡུལ་ཕྲན་ཚོང་གཉེར་ལ་བརྟེན་ནས། ནུབ་གླིང་རྒྱལ་ཁབ་ཁག་དང་ཨེ་རན་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཆད་ཡོད་ནའང་། ༢༠༡༥ ལོར་རང་ལོ་ ༦༨ ཡིན་པའི་སྐུ་ཞབས་རུ་ཧ་ནེ་ལགས་ཀྱིས་ཨེ་རན་གྱི་རྡུལ་ཕྲན་ཉོ་འཚོང་གི་ལས་གཞི་ཇེ་ཉུང་དུ་བཏང་སྟེ། ཨ་རི་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་དང་ཨེ་རན་རྒྱལ་ཁབ་བར་གྱི་ཚོང་འབྲེལ་བསྐྱར་གསོ་བྱ་རྒྱུ་ཁག་ཐག་བྱས་ཡོད་འདུག

སྲིད་འཛིན་འོས་བསྡུའི་ལས་འགུལ་སྐབས། སྐུ་ཞབས་རུ་ཧ་ནེ་ལགས་ཀྱིས། ཁོང་གིས་མ་འོངས་པར་ཨེ་རན་མི་མང་གི་རང་དབང་དང་ཆབ་སྲིད་གུ་ཡངས་གཏོང་རྒྱུ་དང་། ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ། དེ་བཞིན། ཨེ་རན་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སོགས་ཁག་ཐག་བྱས་ཡོད་སྟབས། ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད། སྐུ་ཞབས་རུ་ཧ་ནེ་ལགས་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པར་མི་མང་གིས་དགའ་མགུ་ཆེན་པོ་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༢༠

Leave a Reply