ཨེ་རན་སྲིད་འཛིན་འོས་བསྡུ་དང་། ཨེ་རན་དམངས་གཙོ་ཡིན་མིན།

སི་ཨིན་ཨིན་གསར་ཁང་གིས་ ༢༠༡༧།༥།༡༦ ཉིན་སྤེལ།

འཛམ་གླིང་མི་མང་གིས་ཨེ་རན་སྲིད་འཛིན་འོས་བསྡུར་དོ་སྣང་བྱེད་དོན་གང་ཡིན་ནམ།

གཟའ་པ་སངས་ཉིན་ཨེ་རན་མི་མང་གིས་སྲིད་འཛིན་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་སྲིད་འཛིན་འོས་བསྡུ་དེས་ཨེ་རན་ཀྱི་འབྱུང་འགྱུར་དང་། ཨེ་རན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་བར་གྱི་འབྲེལ་ལམ་ཐད་དཀའ་རྙོག་བཟོ་འདོད་ཡོད་མེད་ཐག་གཅོད་བྱེད་ངེས་ཡིན།

ད་ལྟའི་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་རུ་ཧ་ནེ་ (Hassan Rouhani)ལགས་ཀྱིས་རྙིང་ཞེན་རིང་ལུགས་པའི་སྲིད་འཛིན་འོས་མི་དག་གི་ཁ་གཏད་དུ་ལངས་ཏེ། སྐབས་གཉིས་པའི་སྲིད་འཛིན་གྱི་གོ་སྐབས་འཚོལ་བཞིན་ཡོད་ལ། ཁོང་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་གྱི་ཆོས་དཔོན་ཞིག་ཀྱང་ཡིན།

ཨེ་རན་དངོས་གནས་དམངས་གཙོ་ཡིན་ནམ།

དོགས་འདྲི་དེའི་ལན་ནི། ཡིན་དང་མིན་ཞེས་པ་དེ་རེད། ཨེ་རན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་ཚང་མ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་ཀྱིན་ཡོད་ཀྱང་། རྒྱལ་ཁབ་ཀྱི་སྲིད་ཀྱི་དབང་ཆ་ཆེ་ཤོས་དེ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་(Supreme Leader) ཀྱིས་བཟུང་ཡོད་ལ། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དེ་མི་ཚེ་གང་བོར་དབུ་ཁྲིད་ཡིན་སྟབས། ཁོ་ནི་ཨེ་རན་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་ནང་སྲིད་གཉིས་ཐད་ནས་ཧ་ཅང་གནད་འགག་ཆགས་ཡོད།

ད་ལྟའི་རྙིང་ཞེན་རིང་ལུགས་ཀྱི་ལྟ་བ་མཁྲེགས་པོ་འཛིན་མཁན་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཁ་མི་ནེ་ (Ayatollah Ali Khamenei) ལགས་ཀྱིས་ཨེ་རན་འཛིན་སྐྱོང་ལྷན་ཁང་ (Guardian Council) གི་དཔོན་རིགས་ཚོ་བསྐོ་བཞག་བྱེད་ཀྱིན་ཡོད་པ་དང་། འཛིན་སྐྱོང་ལྷན་ཁང་གི་རྙིང་ཞེན་རིང་ལུགས་པའི་དཔོན་རིགས་དེ་དག་གིས་ཨེ་རན་གྱི་སྲིད་འཛིན་འོས་མི་མིང་འདོན་བྱེད་ཀྱིན་ཡོད། དེར་བརྟེན། མི་མང་གི་དགའ་བསུ་ཐོབ་པའི་བཅོས་སྒྱུར་རིང་ལུགས་ཀྱི་སྲིད་འཛིན་འོས་མི་ཞིག་ད་ལྟའི་སྲིད་འཛིན་འོས་མིའི་ཁོངས་སུ་ཚུད་ཐབས་མེད།

ཨེ་རན་སྲིད་འཛིན་ལ་ཨེ་རན་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་ནང་སྲིད་གཉིས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པའི་དབང་ཆ་ཡོད་ཀྱང་། སྲིད་འཛིན་དེ་ཐོག་མའི་འབྱུང་ཁུངས་ཨེ་རན་གྱི་དབང་འཛིན་དཔོན་རིགས་སྟོང་ཕྲག་མང་པོས་བསྐོ་བཞག་བྱེད་ཀྱིན་ཡོད་པ་མ་ཟད། སྲིད་འཛིན་གྱི་དབང་ཤུགས་དང་གལ་ཆེའི་གནད་དོན་ཐག་གཅོད་ཀྱི་དབང་ཆའང་དབང་འཛིན་དཔོན་རིགས་དེ་དག་ལས་ཡོང་གི་ཡོད་སྟབས། སྲིད་འཛིན་ཀྱིས་ཨེ་རན་ལམ་ལོག་ཏུ་འཁྲིད་ཀྱིན་ཡོད། དེ་ནི་དཔེར་ན། སྲིད་འཛིན་རུ་ཧ་ནེ་རྡུལ་ཕྲན་ཚོང་འབྲེལ་ལྟ་བུ་རེད། དེར་མ་ཟད་རྒྱལ་དོན་ཡོངས་རྫོགས་ལ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་བཀའ་འཁྲོལ་འཐོབ་དགོས།

ཁྱེད་ཀྱིས་དོ་སྣང་སྤྲོད་དགོས་ས་གང་ཡིན།

སྲིད་འཛིན་རུ་ཧ་ནེ་ལགས་ནི་ཨ་རི་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་བར་གྱི་རྡུལ་ཕྲན་ཚོང་འབྲེལ་ཐད་ཀྱི་གནད་འགག་གི་མི་ཞིག་ཆགས་ཡོད། ཁོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉེས་ཆད་འོག་ཨེ་རན་གྱི་རྡུལ་ཕྲན་ལས་གཞི་ཇེ་ཉུང་དུ་གཏོང་བ་དང་ཨེ་རན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་བར་གྱི་འབྲེལ་ལམ་ཇེ་བཟང་དུ་བཏང་ཡོད།

ཐེངས་སྔོན་མར་རུ་ཧ་ནེ་ལ་ཐོབ་པའི་རྒྱལ་ཁ་དེས་ཨེ་རན་རྒྱལ་ཁབ་ཀྱིས་མུ་མཐུད་རྡུལ་ཕྲན་ཚོང་འབྲེལ་བྱས་ཆོག་པ་མཚོན་པ་དང་། རྡུལ་ཕྲན་ཚོང་འབྲེལ་དེས་རུ་ཧ་ནེ་ལ་སྐབས་གཉིས་པའི་སྲིད་འཛིན་རྒྱལ་ཁའི་གོ་སྐབས་སྐྲུན་ཡོད་སྟབས་ཁོས་ཀྱང་གོ་སྐབས་དེ་ལ་རེ་བ་ཆེན་པོ་རྒྱག་གི་ཡོད།

གལ་ཏེ་ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ཞིག་ལ་རྒྱལ་ཁ་འཐོབ་པ་ཡིན་ན། དེས་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་ལ་འཇིགས་སྣང་ཆེན་པོ་བཟོ་སྲིད། ཨེ་རན་གྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཁ་མི་ནེ་ལ་རྒྱབ་རྟེན་བཅོལ་བའི་རྙིང་ཞེན་རིང་ལུགས་པ་ཚོས་རྡུལ་ཕྲན་ཚོང་འབྲེལ་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་མ་ཟད། ཁོ་ཚོས་ད་དུང་སྲིད་འཛིན་རུ་ཧ་ནེ་ནི་ནུབ་གླིང་གི་ཆབ་སྲིད་ལག་ཆར་གྱུར་ཡོད་པའི་སྐྱོན་བརྗོད་ཀྱང་བྱེད་ཀྱིན་ཡོད། གལ་ཏེ་ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ཞིག་ལ་སྲིད་འཛིན་རྒྱལ་ཁ་འཐོབ་ན། དེས་ཨེ་རན་གྱི་ཕྱི་སྲིད་ལ་འགྱུར་བ་གཏོང་ངེས་ཡིན་པ་མ་ཟད། ཨེ་རན་དང་རྒྱལ་སྤྱིའི་འབྲེལ་ལམ་ལ་དཀའ་རྙོག་ཆེན་པོ་བཟོ་ངེས་ཡིན་པ་གསལ་བོ་རེད།

སྲིད་འཛིན་འོས་བསྡུ་ཇི་ལྟར་བྱ་འཆར་ཡོད་དམ།

སྲིད་འཛིན་འོས་བསྡུའི་སྔོན་འགྲོ་དེ་གཟའ་པ་སངས་ཉིན་ཡིན་པ་དང་། སྐབས་དེར་འོས་མི་ཚོར་འོས་གྲངས་བརྒྱ་ཆ་ ༥༠ མ་རག་ཚེ་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སླར་ཡང་འོས་བསྡུ་ཐེངས་གཉིས་པ་བྱ་རྒྱུ་ཡིན་འདུག

ད་ཆར་སྲིད་འཛིན་འོས་འགྲན་ནང་འོས་མི་སུ་བསླེབས་ཡོད།

འདི་ལོའི་སྲིད་འཛིན་འོས་བསྡུའི་ནང་འོས་མི་ལྔ་མིང་འདོན་བྱས་པའི་ཁྲོད་ནས་མཐའ་མར་འོས་མི་ ༢ བར་འོས་འགྲན་བྱ་རྒྱུ་ཡིན་པ་དང་། ཁོང་གཉིས་ནི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་སྲིད་འཛིན་ལས་ཐོག་པ་སྐུ་ཞབས་རུ་ཧ་ནེ་ (Hassan Rouhani)དང་། ཁ་གཏད་རྙིང་ཞེན་རིང་ལུགས་པའི་ཆོས་དཔོན་རེ་སེ་ (Ebrahim Raisi)རྣམ་གཉིས་རེད།

དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་སྐུ་ཞབས་རུ་ཧ་ནེ་ལ་ཨེ་རན་བཅོས་སྒྱུར་རིང་ལུགས་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁོང་བསྐྱར་དུ་སྲིད་འཛིན་འོས་མིར་མིང་འདོན་བྱེད་དོན་ནི། རྡུལ་ཕྲན་ཚོང་འབྲེལ་ལ་མང་མོས་ཐོབ་ཆེད་ཡིན་པ་དང་། རྡུལ་ཕྲན་ཚོང་འབྲེལ་ནི་ཨེ་རན་གྱི་དཔལ་འབྱོར་ཐོན་སྐྱེད་གཙོ་བོ་ཞིག་ཆགས་ཡོད།

སྐུ་ཞབས་རེ་སེ་ནི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཁ་མི་ནེ་ཡིས་སྲིད་འཛིན་འོས་མིར་མིང་འདོན་བྱས་པ་ལྟ་བུར་མཐོང་གི་ཡོད་སྟབས། ཁོས་རྡུལ་ཕྲན་ཚོང་འབྲེལ་ཐོག་ནུས་པ་འཐོན་མིན་དོགས་གཞི་ཡིན་ལ། རང་ལོ་ ༥༦ ཡིན་པའི་ཆོས་དཔོན་རེ་སེ་ལགས་ནི་སྲོག་ཆད་ལྷན་ཁང་ (Death Commission) གི་ཚོགས་མི་ཡིན་ཞིང་། ལྷན་ཁང་དེས་ ༡༩༨༨ ལོ་ནས་ཨེ་རན་གྱི་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོར་སྲོག་ཁྲིམས་བཅད་ཡོད།

དཀའ་རྙོག་གང་དག་འབྱུང་གི་ཡོད།
དཔལ་འབྱོར།

སྐུ་ཞབས་རུ་ཧ་ནེ་ཡིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྡུལ་ཕྲན་ཚོང་འབྲེལ་བྱ་རྒྱུའི་གྲོས་གཞི་དེ་ནི་ཨེ་རན་གྱི་དཔལ་འབྱོར་ཐོན་སྐྱེད་ཀྱི་སྒོ་ཆེན་ལྟ་བུ་ཡིན་པ་དང་། དེ་ལ་བརྟེན་ནས་ཨེ་རན་གྲོགས་མེད་ཁེར་རྐྱང་གི་ངལ་སེལ་གྱི་ཡོད་པ་མ་ཟད། ཨེ་རན་མི་མང་ས་ཡ་མང་པོར་ལས་གནས་མཁོ་སྤྲོད་ཐུབ་ཀྱི་ཡོད།

རྡུལ་ཕྲན་ཚོང་འབྲེལ་གྲོས་ཆོད་ལ་བརྟེན་ནས་ཨེ་རན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་སྒོར་ཐེར་འབུམ་གྱི་ཁེ་ལས་གཉེར་ཐུབ་ཀྱི་ཡོད་ལ། ཁེ་ལས་དེའི་ནང་ཨེ་རན་གྱི་གནམ་གྲུ་དང་རྡོ་སྣུམ་ཐོན་སྐྱེད་སོགས་ཀྱང་ཚུད་ཡོད། ཡིན་ནའང་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་མར་ཆགས་པར་བརྟེན་ཏེ། ཨེ་རན་གྱི་ཁེ་ལས་འཁོར་རྒྱུག་ལའང་འགོག་རྐྱེན་ཐེབས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་སྲིད་འཛིན་ཆགས་རྗེས། ཨེ་རན་ནང་ཨ་རིའི་མ་དངུལ་གཏོང་བའི་སྲིད་བྱུས་ཁ་གསལ་མེད་པ་དེ་ནི་ཨེ་རན་དཔལ་འབྱོར་གྱི་འཇིག་ཉེན་ཆེན་པོ་ཞིག་ཆགས་ཡོད།

དབུས་གསང་བའི་ལས་ཁུངས་ (CIA) ཀྱི་ཞིབ་འཇུག་གྲུབ་འབྲས་ལྟར་ན། ད་ཆར་ཨེ་རན་ནང་ལས་མེད་མི་མང་བརྒྱ་ཆ་ ༡༠.༧ ཟིན་གྱི་ཡོད་པ་དང་། ༢༠༡༦ ལོར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐོན་སྐྱེད་སྤྱི་འབོར་བརྒྱ་ཆ་ ༤. ༥ དང་། ༢༠༡༤ ལོའི་དཔལ་འབྱོར་ཐོན་སྐྱེད་ ༢༠༡༥ ལོའི་སྤྱི་འབོར་བརྒྱ་ཆ་ ༠.༤ ལས་མར་ཆགས་ཡོད། དེ་སྔོན་སྐུ་ཞབས་རུ་ཧ་ནེ་སྲིད་འཛིན་དུ་མ་བདམས་སྔོན་ལ་ཨེ་རན་ནང་ལས་མེད་བརྒྱ་ཆ་ ༡༥.༥ ཡིན་འདུག

༢༠༡༡ ནས་ ༢༠༡༤ ལོའི་བར་བྱུང་བའི་དཔལ་འབྱོར་ཉེས་ཆད་ཀྱིས། ཨེ་རན་མི་མང་གི་ཡོང་འབབ་བརྒྱ་ཆ་ ༢༠ མར་ཆགས་པ་དེ་ཆ་སྙོམ་མི་རེར་ཨ་སྒོར་ ༣༣༠༠ གྱོང་རག་ཡོད། གནད་དོན་གཞན་ཞིག་ནི། ཨེ་རན་དངུལ་གྱི་འཛའ་ཐང་བརྒྱ་ཆ་ ༨༠ མར་ཆགས་པ་དང་། དངུལ་བུན་ཇེ་མང་དུ་སོང་བ། ཨེ་རན་གྱི་རྡུལ་ཕྲན་དངོས་ཟོག་དང་དཔལ་འབྱོར་སོགས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད།

ཨ་རི་དང་ནུབ་ཕྱོགས་རྒྱལ་ཁག་གི་དཔལ་འབྱོར་ཉེས་ཆད་ཀྱི་རྐྱེན་པས། ཨེ་རན་རྒྱལ་ཁབ་ལ་ལོ་རེར་ཨ་སྒོར་ཐེར་འབུམ་ ༥༠ གྱོང་རག་གི་ཡོད།

སྲིད་འཛིན་འོས་མི་སྐུ་ཞབས་རུ་ཧ་ནེ་ཡིས། ཨེ་རན་གྱིས་དུས་ཡུན་རིང་བོར་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་ཉེས་ཆད་ལ་གདོང་ལེན་བྱས་པ་ནི་རྒྱལ་སྤྱིའི་ཁྲོམ་རྭ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྱད་གསོད་བཏང་བ་ཞིག་ཡིན་ལུགས་ཤོད་ཀྱི་ཡོད་པ་དང་། ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ཚོས་མུ་མཐུད་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ལ་གདོང་ལེན་བྱས་ཏེ་ཕྱི་འབྲེལ་ཇེ་དམ་དུ་གཏོང་དགོས་སྐོར་ཤོད་ཀྱི་ཡོད།

རྡུལ་ཕྲན་ཚོང་འབྲེལ།

སྐུ་ཞབས་རུ་ཧ་ནེ་ལགས་ཀྱི་ཁ་གཏད་སྲིད་འཛིན་འོས་མི་ཚོས། རུ་ཧ་ནེ་ཡིས་རང་གི་ཁས་ལེན་དམ་བཅའ་ལག་བསྟར་མི་ཐུབ་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། ཁོས་རང་ཉིད་སྐབས་གཉིས་པའི་སྲིད་འཛིན་རྒྱལ་ཁ་འཐོབ་ཐབས་སུ་རྡུལ་ཕྲན་ཚོང་འབྲེལ་རྒྱུན་འཁྱོངས་བྱེད་རྒྱུ་ཁག་པོ་ཆགས་ཡོད། ཨེ་རན་སྲིད་འཛིན་འོས་མི་ཚོའི་བགྲོ་གླེང་གཙོ་བོ་རྡུལ་ཕྲན་ཚོང་འབྲེལ་སྐོར་ཡིན།

ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་སྲིད་འཛིན་རྒྱལ་ཁ་དེས་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་ལ་ངེས་བརྟན་མེད་པ་ཆགས་ཡོད། སྐུ་ཞབས་ཊི་རུམ་ཕིས་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་དང་། ཁོས་ཨ་རི་དང་ཨེ་རན་བར་གྱི་རྡུལ་ཕྲན་ཚོང་འབྲེལ་གཏོར་ཏེ་ཨེ་རན་ལ་རོགས་སྐྱོར་བྱེད་འདོད་མེད་སྐོར་བརྗོད་ཡོད།

སྲིད་འཛིན་རྒྱལ་ཁ་སུ་ལ་འཐོབ་སྲིད།

སྐུ་ཞབས་རུ་ཧ་ནེ་ལགས་ལ་ ༡༩༨༡ ལོ་ནས་བཟུང་སྐབས་གཉིས་པའི་སྲིད་འཛིན་རྒྱལ་ཁ་འཐོབ་མྱོང་མེད་པའི་ལོ་རྒྱུས་ཤིག་ཡོད་ཀྱང་། ཨེ་རན་སྲིད་འཛིན་འོས་བསྡུ་དེ་ཚོད་དཔག་དཀའ་བ་ཞིག་ཡིན་པ་དང་། སྐུ་ཞབས་རུ་ཧ་ནེ་ལགས་ཀྱིས་ ༢༠༡༣ ལོའི་སྲིད་འཛིན་འོས་བསྡུ་མ་ཚུགས་པའི་བདུན་ཕྲག་གཉིས་ཀྱི་སྔོན་ཏག་ཏག་ལ་གློ་བུར་དུ་རང་ཉིད་སྲིད་འཛིན་འོས་མིར་མིང་འདོན་བྱས་ཏེ། གནད་དོན་མང་པོ་ཞིག་ལ་ཞིབ་འཇུག་བྱེད་ལོངས་མ་བྱུང་བར་བཅོས་སྒྱུར་ཤོག་ཁག་གི་རྒྱབ་སྐྱོར་བྱས་ཏེ་ཁོ་ལ་ས་གནས་རིམ་པའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་རེད།

དོགས་འདྲི་ཞིག་ཡོད་པ་ནི། ད་ལྟའི་ཨེ་རན་མི་མང་གིས་སྐུ་ཞབས་རུ་ཧ་ནེ་ཡི་དབུ་མའི་ལམ་གྱི་གྲོས་གཞི་ (རྡུལ་ཕྲན་ཚོང་འབྲེལ་ལ་གོ) ཉོ་རྒྱུ་ཡིན་ནམ། ཡང་ན། ད་ལྟའི་རྡུལ་ཕྲན་ཚོང་འབྲེལ་མཚམས་བཞག་སྟེ་ཨེ་རན་རྒྱལ་ཁབ་སླར་ཡང་གྲོགས་མེད་ཁེར་རྐྱང་དུ་གནས་པའི་རྙིང་ཞེན་ཚོགས་པའི་སྲིད་འཛིན་འོས་མི་ཞིག་འདེམས་འདོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༡༨

Leave a Reply