ཨེ་ཤ་ཡའི་རྒྱལ་ཁབ་བཅུས་བྱང་ཀོ་རི་ཡར་སྐྱོན་བརྗོད་བྱས།

ཉིན་གཅིག་རིང་ཧྥེ་ལེ་པེན་ནང་འཚོགས་པའི་ལྷོ་ཤར་ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་གྱི་རྩོད་གླེང་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་གཉིས་གླེང་གཞི་གཙོ་བོའི་གྲས་ཡིན་འདུག

གཟའ་སྤེན་པའི་ཉིན་ཚོགས་གཙོ་སྐྱོང་བས་མཇུག་བསྡོམས་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱལ་ཁབ་ ༡༠ ལས་གྲུབ་པའི་ལྷོ་ཤར་ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ (ASEAN) ཀྱི་ངོས་ནས་བྱང་ཀོ་རི་ཡས་ “འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཁྲིམས་སྒྲིག་རྡོག་རོལ་གཏོང་གི་ཡོད་པ་མྱུར་དུ་མཚམས་འཇོག་དགོས་”ཞེས་རེ་སྐུལ་ཞུས་ཡོད་འདུག

ཨེ་ཤ་ཡའི་རྒྱལ་ཁབ་བཅུ་ནི། ཧྥེ་ལེ་པེན་དང་སེང་གྷ་པུར། བྷི་རུ་ནའེ། མ་ལེ་ཤི་ཡ། ཐའེ་ལན་ཌི། ཧིན་རྡུ་ཉི་ཤེ་ཡ། ཝེ་ཐི་ནམ། ཁཱམ་བྷོ་ཌི་ཡ། ལའོ་སི། འབར་མ་བཅས་རེད།

ཉེ་བའི་བདུན་ཕྲག་འགའི་རིང་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡང་། བྱང་ཀོ་རི་ཡས་མུ་མཐུད་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཏེ་ཕྱོགས་གཉིས་བར་དཀའ་རྙོག་ཇེ་ཆེར་སོང་ཡོད་པ་མ་ཟད། ད་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་དྲུག་པར་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། ཨ་རིས་བྱང་ཀོ་རི་ཡའི་ཕྱོགས་སུ་མཚོ་དམག་བཏང་ཡོད། ལྷོ་ཤར་ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་། “བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་གསར་བཟོ་དང་ཚོད་ལྟ་བྱས་པའི་གནད་དོན་དེས་རྒྱལ་ཁབ་བརྟན་ལྷིང་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་ངེས་ཡིན།” ཞེས་བརྗོད་འདུག

ཨལ་རྗ་ཙི་ར་གསར་ཁང་གི་གསར་འགོད་པས་ཧྥེ་ལེ་པེན་ནས་བཏང་བའི་གནས་ཚུལ་ནང་། “ད་ལྟའི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཇེ་ཆེར་མ་སོང་བ་ཡིན་ན། ལྷོ་ཤར་ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ཀྱི་དབུ་ཁྲིད་ཚོས་སོ་སོར་འཕྲད་བཞིན་པའི་དཀའ་ཁག་ཐོག་གྲོས་མོལ་བྱེད་རྒྱུ་མ་གཏོགས། བྱང་ཀོ་རི་ཡའི་དཀའ་རྙོག་སྐོར་གླེང་སློང་བྱ་རྒྱུ་མ་རེད་ཅེས་བརྗོད་འདུག ཁོས་བཤད་རྒྱུར། “ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ཀྱི་ངོས་ནས་སོ་སོར་ནུས་པ་གང་ཡང་མེད་པ་གསལ་བོར་རྟོགས་ཡོད་པ་དང་། ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ནི་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་བརྟན་ལྷིང་གཏོང་ཐབས་ཀྱི་གླེང་སྟེགས་ཤིག་རེད།” ཅེས་བརྗོད་འདུག

ཐེངས་འདིའི་ལྷོ་ཤར་ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་གྲོས་གཞི་གཞན་ཞིག་ནི། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་སྐོར་ཡིན་པ་དང་། ཚོགས་ཆེན་གྱི་གསལ་བསྒྲགས་ནང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་མངའ་ཁོངས་རྩོད་གླེང་དང་དྲག་ཆས་དམག་དཔུང་ཆེད་གཏོང་བཅས་ཀྱི་དཀའ་རྙོག་རིགས་འདོར་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

རྒྱ་ནག་གིས་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་ཡོད་སྐོར་གླེང་བཞིན་པའི་མིས་བཟོས་གླིང་ཕྲན་ཆེན་པོ་གསུམ་འཛུགས་སྐྲུན་བྱས་ཚར་གྲབས་ཡོད་པ་དང་། ཉེ་ཆར་རྒྱ་ནག་གིས་མིས་བཟོས་གླིང་ཕྲན་དེ་དག་སྟེང་མཁའ་དམག་གནམ་གྲུ་འཕུར་ལམ་དང་ལྕོག་མཁར། རྡུལ་ཕྲན་མཚོན་ཆ་དང་གསང་བའི་རྟོག་ཞིབ་འཕྲུལ་ཆས་སོགས་བཙུགས་ཡོད་འདུག ཨ་རིའི་གཞུང་གིས་གླིང་ཕྲན་དེ་དག་སྟེང་རྒྱ་ནག་གིས་དྲག་ཆས་དམག་གི་རྟེན་གཞི་བཙུགས་པར་སྐྱོན་བརྗོད་དང་། མཚོ་ཁུལ་དེར་རང་བྱུང་སོལ་རླངས་དང་རྡོ་སྣུམ་སྐྱེལ་འདྲེན་གྱི་མཚོ་འགྲུལ་རང་དབང་དགོས་སྐོར་བརྗོད་ཡོད།

ཐེངས་འདིའི་ཚོགས་ཆེན་གྱི་གསལ་བསྒྲགས་ནང་། “ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་ཐད་སེམས་ཁྲལ་བྱེད་བཞིན་པར་དོ་སྣང་བྱེད་ཀྱིན་ཡོད་པ་དང་། མཚོ་ཁུལ་དེ་རྩོད་གླེང་ལ་བརྟེན་ཏེ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཕན་ཚུན་བར་དོ་ཕོག་བཟོ་བ་དང་ཡིད་ཆེས་བརླག་པའི་ཉེན་ཁ་འབྱུང་ངེས་ཡིན་ཚུལ་སོགས་བརྗོད་འདུག

ད་ལྟ་འཚོགས་བཞིན་པའི་ཚོགས་ཆེན་སྟེང་། ཧྥེ་ལེ་པེན་གྱི་སྲིད་འཛིན་ཌུ་ཊིར་ཊི་ (Rodrigo Duterte)ཡིས་ཧྥེ་ལེ་པེན་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས། རྒྱ་ནག་གིས་ང་ཚོའི་མངའ་ཁོངས་སུ་གཏོགས་པའི་མཚོ་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་པ་དེ་འགོག་ཐབས་མེད་སྟབས་ད་རེས་གནད་དོན་དེ་གླེང་པའི་དགོས་པ་མི་འདུག་ཅེས་བརྗོད་འདུག

གསར་འགོད་པ་ཨ་ལེན་ཌོ་གྷན་གྱིས་བརྗོད་དོན། “ད་ལོའི་ཚོགས་ཆེན་ལ་སྐུ་ཞབས་ཌུ་ཊིར་ཊི་ལ་གཙོ་སྐྱོང་བྱེད་དུ་བཅུག་པ་ནི། ཁོས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་དང་ཕྱི་འབྲེལ་སྲིད་ཇུས་ཐོག་སྐྱོན་བརྗོད་བྱེད་མིན་ལ་ཚོད་ལྟ་བྱས་པ་ཞིག་རེད” ཅེས་དང་། “ཁོང་གིས་ཡོངས་ཁྱབ་གསལ་བསྒྲགས་ནང་ག་རེ་བཤད་ཡོད་པ་དེ་ང་ཚོས་མ་འོངས་པར་གསལ་བོར་མཐོང་གི་རེད། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་ཁོའི་ཉལ་ཐའི་རྙོག་གྲའི་སྐོར་ལ་སྐྱོན་བརྗོད་བྱེད་པའི་རེ་བྱེད་ཀྱི་མེད། གང་ཡིན་ཟེར་ན། གནད་དོན་དེའི་ཐད་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དང་ཨེ་ཤ་ཡའི་ཚོང་ལས་ལྷན་ཚོགས་ནང་ཁུལ་ནས་ཁོང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།” ཅེས་བརྗོད་འདུག

ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྲིད་འཛིན་ཌུ་ཊིར་ཊི་ཡི་ཉལ་ཐའི་རྙོག་གྲའི་སྐོར་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ཟིང་འཁྲུག་དེའི་ཁྲོད་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས། སྲིད་འཛཱིན་ཌུ་ཊིར་ཊི་ཡིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་འཛུགས་ཀྱང་བྱས་ཡོད། འོན་ཀྱང་། སྲིད་འཛིན་ཌུ་ཊིར་ཊི་ཡིས་ཐེངས་འདིར་ཧྥེ་ལེ་པེན་དུ་ཡོང་བའི་ལྷོ་ཤར་ཨེ་ཤ་ཡའི་དབུ་ཁྲིད་ཁ་ཅིག་གི་རྒྱབ་སྐྱོར་ལ་བརྟེན་ཡོད་པ་དང་། ཁོ་ཚོ་ནི་བྷ་རུ་ནེ་ (Brunei) ཡི་བཙན་རྒྱལ་བྷོལ་ཀེ་ཧ་ (Hassanal Bolkiah) དང་ཨིན་ཌི་ནེ་ཤི་ཡའི་སྲིད་འཛིན་ཝེ་ཌོ་ཌོ་ (Joko Widodo) གཉིས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

One thought on “ཨེ་ཤ་ཡའི་རྒྱལ་ཁབ་བཅུས་བྱང་ཀོ་རི་ཡར་སྐྱོན་བརྗོད་བྱས།

  1. མཛངས་མ་ཨང་སིན་སུ་སྐྱིད་མཆོག་བོད་པའི་བུ་མོ་ཞིག་དང་འདྲ་བོ་འདུག མོ་ད་རེས་ཚོགས་འདུ་དེར་བཅར་དོན་ག་རེ་ཡིན་ནམ། འབར་མའི་སྲིད་འཛིན་མ་རེད་