ཉེ་སྔོན་འདི་གའི་གསར་ཁང་གིས་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་མཆོག་ལ་ཨུ་རུ་སུའི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་གྱི་གནས་སྟངས་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས།
དྲི་བ། ད་ལྟ་ཨུ་རུ་སུའི་ནང་བོད་མི་ག་ཚོད་ཡོད་པ་དང་། ཁོང་ཅག་གི་གནས་སྟངས་གང་འདྲ་ཡིན་ནམ།
ལན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ ༡༩༩༣ ལོའི་ཟླ་ ༣ ཚེས་ ༡༠ ཉིན་དོན་གཅོད་ཁང་ཐོག་མ་གསར་འཛུགས་གནང་བ་རེད། ཐོག་མའི་གསར་འཛུགས་སྐབས་ང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་རེད། བར་སྐབས་དེར་ཨུ་རུ་སུའི་ལུང་པ་ཆེན་པོ་དེའི་ནང་བོད་མི་ང་གཅིག་པུ་རེད། དེའི་རྗེས་ང་དྷ་རམ་ས་ལ་དང་ཨ་རིའི་དོན་གཅོད་དང་ལྡི་ལི་བཅས་སུ་གནས་སྤོར་བྱས་ཏེ་ལས་ཀ་བྱས་པ་རེད། ༢༠༠༨ ལོར་ཡང་བསྐྱར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བ་རེད། རྒྱལ་ས་མོ་སུ་ཁོ་རུ་ང་ཚོར་འབྲལ་བ་བྱེད་བསྡད་པའི་བོད་མི་སྐྱབས་བཅོལ་བ་ ༧ ཙམ་མ་གཏོགས་མི་འདུག ནང་པའི་མངའ་སྡེ་ཁལ་མུག་ནང་བོད་པ་ ༢༠ ལྷག་དང་། བྷུར་ཡ་ཐིར་ ༡༥ ། ཐུ་བ་ ༥ བཅས་བོད་མི་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་ཆོས་ཚོགས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན་བཅས་ཀྱི་ཡན་ལག་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ནང་ཨམ་རྗེ་ ༣ འདུག ཆོས་ཚོགས་ཁག་གིས་ལས་དོན་གཙོ་བོ་སོག་པོའི་མི་མང་མང་ཆེ་བ་ཆོ་ག་ཕྱག་ལེན་ལ་དང་དོད་ཆེན་པོ་ཡིན་སྟབས། ཤུགས་ཆེ་ཤོས་ཆོ་ག་ཕྱག་ལེན་དེ་འདྲ་རེད། གསུང་ཆོས་གནང་མཁན་དེ་འདྲ་ཡང་ཁག་ཅིག་ཡོད་པ་རེད།
དྲི་བ། ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཁང་གི་ས་གནས་ཀྱི་སྤྱི་ཚོགས་ཁྲོད་ཕྱག་ལས་གནང་སྐབས་དཀའ་ངལ་གཙོ་བོ་ཅི་ཞིག་འཕྲད་ཀྱི་འདུག་གམ།
ལན། ང་རང་ ༢༠༠༨ ལོར་ཐེངས་གཉིས་པར་ཨུ་རུ་སུའི་དོན་གཅོད་བྱས་ཏེ་ད་ལྟ་འགྲོ་བཞིན་པ་རེད། ད་ཆར་ཨུ་རུ་སུའི་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་དང་མང་དུ་འགྲོ་བཞིན་ཡོད་པ་དང་། ཨུ་རུ་སུ་དང་རྒྱ་ནག་གཉིས་འབྲེལ་བ་ཡག་ཏུ་འགྲོ་བཞིན་ཡོད་པ་སོགས་གནས་སྟངས་མང་པོ་ཞིག་གིས། ང་ཚོའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཏག་ཏག་ཅིག་ཡོང་ཐུབ་ཀྱི་མི་འདུག དེ་གཙོ་བོ་ང་རང་ཚོའི་དོན་གཅོད་ནང་ལས་བྱེད་ཉུང་དྲགས་པས་རེད་བསམ་གྱི་འདུག
དྲི་བ། ཨུ་རུ་སུ་གཞུང་ངོས་ནས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་དང་བོད་དོན་ཐོག་ལྟ་སྟངས་གང་འདྲ་འདུག
ལན། སྔོན་མ་ཨུ་རུ་སུ་དབུས་གཞུང་གིས་༧གོང་ས་མཆོག་གྲོས་ཚོགས་འོག་མར་གདན་ཞུ་གནང་སྟེ། གྲོས་ཚོགས་ནང་བོད་དོན་སྐོར་ལ་གྲོས་ཆོད་བཞག་པ་དེ་འདྲ་བྱུང་བ་རེད། ༢༠༠༡ ལོར་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ལོ་ ༢༠ རིང་གི་གྲོས་ཆོད་ཅིག་བཞག་རྗེས། བོད་དོན་ཐོག་དོ་སྣང་མི་བྱེད་པ་དང་འཛེམ་ཟོན་བྱེད་མགོ་བཙུགས་ཏེ། ད་ལྟ་ཨུ་རུ་སུའི་དབུས་གཞུང་ནས་བོད་དོན་ལ་དོ་སྣང་ཡོད་པ་མ་རེད། ཡིན་ནའང་། མི་མང་དང་ལྷག་པར་དུ་མཁས་དབང་ཚོས་བོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་འདུག ད་ཆར་༧གོང་ས་མཆོག་གི་ཕྱག་དེབ་ ༥༠ ལྷག་ཨུ་རུ་སུའི་སྐད་ཡིག་ནང་བསྒྱུར་ཚར་བ་རེད་ལ། མཁས་དབང་ཁག་གི་ནང་བོད་སྔོན་མ་རང་བཙན་ཡིན་པའི་ཁུངས་སྐྱེལ་དང་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་གྱི་དེབ་བརྩམས་ཡོད་པ་དེ་འདྲ་འདུག ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བའི་ཐད་ང་རང་གི་ངོས་ནས། དང་པོ་རྒྱ་ནག་དམར་ཤོག་ཆགས་སྐབས་སྤུན་མཆེད་ཡིན་མདོག་གི་ལས་ཀ་བྱས་པ་རེད། རྗེས་སུ་ཁོང་ཚོ་དམག་རྒྱག་དགོས་ཐུག་པ་རེད། དེའི་རྗེས་སུ་དགྲ་ཆགས། དེང་སང་གྲོགས་པོ་ཆགས་ཡོད་པ་རེད། དགོས་དབང་གི་འབྲེལ་བ་ཆགས་ཡོད་པ་ལས་སེམས་གཏིང་ན་ཁོང་ཚོ་ཕན་ཚུན་ཡིད་ཆེས་མེད་སྟབས། སྔ་རྗེས་མ་གཏོགས་ཨུ་རུ་སུ་གཞུང་གིས་བོད་དོན་ཐོག་དོ་སྣང་ཏན་ཏན་བྱེད་ཀྱི་རེད་བསམ་གྱི་འདུག
དྲི་བ། ཨུ་རུ་སུའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ག་ཚོད་ཡོད་པ་དང་། དེ་དག་གི་ལས་ཀ་བྱེད་སྟངས་གང་འདྲ་འདུག
ལན། རྒྱལ་ས་མོ་སུ་ཁོ་དང་ནང་པའི་མངའ་སྡེ་ཁག་གསུམ། གཞན། སེན་ཕེ་ཊར་སི་པཱ་བཅས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༧ ཙམ་ཡོད་པ་རེད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཙམ་མིན་པར། བོད་པའི་ཆབ་སྲིད་ཐོག་ལས་འགུལ་འདྲ་མིན་སྤེལ་གྱི་འདུག དམིགས་བསལ་ཁོང་ཚོའི་ཁྲོད་བོད་སྐྱོབ་ (SaveTibet) ཞེས་པའི་ཚོགས་པ་ཞིག་ཡོད་པ་དེ་ཧ་ཅང་ཤུགས་ཆེན་པོ་རེད། ཁོང་ཚོར་ཡན་ལག་མང་པོ་འདུག་ལ། ཁོང་ཚོའི་དྲ་རྒྱའི་ནང་བོད་ནང་གི་ཛ་དྲག་གནས་ཚུལ་དང་བོད་དོན་སྐོར་ཉི་མ་རེ་རེ་བཞིན་ཁྱབ་བསྒྲགས་བྱེད་ཀྱིན་འདུག
དྲི་བ། ཨུ་རུ་སུའི་མི་མང་དཀྱུས་མའི་ནང་བོད་དོན་ཐོག་གོ་རྟོགས་གང་འདྲ་འདུག
ལན། ཨུ་རུ་སུ་དང་བོད་གཉིས་དུས་རབས་ ༡༧ དང་ ༡༨ པ་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་བ་འདུག ལྷག་པར་དུ་ནང་པའི་མངའ་སྡེ་ཁག་གསུམ་ནང་ནང་ཆོས་བོད་ནས་དར་བའི་ལོ་རྒྱུས་འདུག ས་མཚམས་ཀྱི་ཕྱོགས་ནས་ཀྱང་རྒྱ་དཀར་ནག་གཉིས་དང་འབྲས་ལྗོངས་ཕུད། ཨུ་རུ་སུ་དེ་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཆགས་པའི་རྒྱལ་ཁབ་དང་པོ་དེ་ཆགས་འདུག ལྷག་པར་དུ་༧རྒྱལ་དབང་བཅུ་གསུམ་པའི་སྐབས་ཨུ་རུ་སུའི་གོང་མ་དང་འབྲེལ་བ་བྱུང་སྟེ། ཨུ་རུ་སུའི་དགོན་པ་དང་པོ་སེན་ཕེ་ཊར་སི་པཱ་གསར་འཛུགས་གནང་འདུག སྤྱིར་བཏང་མི་མང་དཀྱུས་མའི་ནང་བོད་དོན་ལ་ལྟ་སྟངས་རྡོག་རྡོག་འདི་རེད་ཅེས་ངས་ལབ་ཤེས་ཀྱི་མི་འདུག ཡིན་ནའང་། བར་ལམ་༧གོང་ས་མཆོག་ཨུ་རུ་སུར་ཆིབས་བསྒྱུར་གནང་མ་ཐུབ་སྟབས། ༢༠༠༩ ལོ་ནས་བཟུང་རྒྱ་གར་ནང་ཨུ་རུ་སུའི་དད་ལྡན་པར་དམིགས་ཏེ་གསུང་ཆོས་གོ་སྒྲིག་གནང་སྐབས། ལོ་རེ་རེ་བཞིན་ཨུ་རུ་སུའི་ཆོས་ཞུ་བ་མང་དུ་འགྲོ་བཞིན་ཡོད། ༢༠༡༣ ལོའི་ཕྱི་ཟླ་ ༡༢ ནང་ལྡི་ལིར་གསུང་ཆོས་ཤིག་གོ་སྒྲིག་གནང་སྐབས་མི་མང་ ༡༠༠༠ བརྒལ་བ་ཕེབས་འདུག དེ་ཚོ་མི་མང་ལ་དོ་སྣང་ཡོད་པའི་རྟགས་རེད། འདི་ལོའི་ཕྱི་ཟླ་ ༥ བའི་ཚེས་ ༥ དང་ ༦ བཅས་ཉིན་གཉིས་རིང་ང་ཚོས་ཡུ་རོབ་ཀྱི་རྒྱལ་ཁབ་ལ་ཐི་ཝེ་ཡའི་ཉེ་འགྲམ་དུ་གསུང་ཆོས་གོ་སྒྲིག་གནང་སྐབས་མི་ ༥༠༠༠ ལྷག་འཛོམས་སོང་། མི་མང་གི་ངོས་ནས་༧གོང་ས་མཆོག་ལ་དད་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཧ་ལས་པ་རེད། དེའི་ཕྱོགས་ནས་ང་རང་སྔོན་མ་ཨ་རིའི་དོན་གཅོད་གནང་མྱོང་སྟབས། ཨ་རི་བ་ཚོ་ལས་ལྷག་རེད་བསམ་བསམ་བྱུང་སོང་།
དྲི་བ། ཨུ་རུ་སུའི་ནང་གི་ཆོས་ཚོགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་སྐུ་ཚབ་དོན་གཅོད་བར་གྱི་འབྲེལ་ལམ་གང་འདྲ་ཡིན་ནམ།
ལན། ནང་པའི་དགོན་སྡེ་དང་ཆོས་ཚོགས་ ༡༠༠ ལྷག་ཡོད་པ་རེད། མགོ་སེར་མང་ཆེ་བ་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་བཅས་ཀྱི་ཆོས་བརྒྱུད་རེད། ང་ཚོ་ཕན་ཚུན་བར་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཁོང་ཚོའི་མཛད་སྒོ་སོགས་ཀྱི་སྐབས་སུ་ང་རང་སྐད་བཏང་སྟེ་སྐད་ཆ་བཤད་ཀྱི་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་འབད་པ་བྱེད་ཀྱི་ཡོད་པ་རེད། ཞོར་ནས་གསུམ་བཅུའི་དུས་དྲན་དང་། ༧གོང་ས་མཆོག་གི་འཁྲུངས་སྐར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་དྲན། དེ་མིན་ཆབ་སྲིད་ལས་འགུལ་ཡང་གང་འཚམ་སྤེལ་གྱི་འདུག
དྲི་བ། ཨུ་རུ་སུ་དང་རྒྱ་ནག་གི་ཆབ་སྲིད་དང་ཚོང་འབྲེལ་གནས་སྟངས་དེས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་སོགས་ཀྱི་ཐད་ཤུགས་རྐྱེན་ཐེབས་ཀྱི་འདུག་གམ།
ལན། ཨུ་རུ་སུ་ལུང་པ་རྒྱ་ཆེན་པོ་རེད། སྣུམ་དང་སོལ་རླངས་ (gas) སོགས་རྒྱ་ནག་ནང་ཚོང་འབྲེལ་ཤུགས་ཆེན་པོ་རེད། ཡིན་ནའང་། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་བྱེད་བཞིན་པ་ཕན་ཚུན་དགའ་དྲགས་ནས་མ་རེད། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་འཛམ་གླིང་ནང་གི་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས་ལ་ཁ་གཏད་གཅོག་ཆེད། ད་ཆར་ཨུ་རུ་སུས་རྒྱ་ནག་མཉམ་དུ་ལག་པ་གཏོང་གི་ཡོད་པ་རེད། རྗེས་མ་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་ཡག་པོ་ཆགས་པ་ཡིན་ན། རྒྱ་ནག་རྒྱང་དུ་འགྲོ་རྒྱུ་རེད། རྒྱ་ནག་ཤུགས་ཆེན་པོ་ཆགས་པར་ཨུ་རུ་སུའི་ངོས་ནས་ཀྱང་དོགས་ཟོན་བྱེད་བསྡད་ཀྱི་ཡོད་པ་རེད། ང་རང་གི་གོ་ཐོས་ལ་ཨུ་རུ་སུ་དང་རྒྱ་ནག་གི་ས་མཚམས་དྷ་ནེ་ཝ་སི་ཐོ་སི་ཞེས་པའི་ས་ཆ་དེར་རྒྱ་མི་ས་ཡ་ ༦ བསླེབ་པའི་སྐད་ཆ་འདུག དེར་ཨུ་རུ་སུའི་མི་ཚོ་ཞེ་སྣང་སྐྱེས་ཀྱི་འདུག རྒྱ་མི་ཚོ་ཨུ་རུ་སུའི་ས་ཁོངས་སུ་འཛུལ། ས་གནས་ཀྱི་བུད་མེད་ཚོའི་མཉམ་དུ་ཆང་ས་བརྒྱབ་པའི་གནས་ཚུལ་ཡང་མང་པོ་འདུག ཡིན་ནའང་གནས་སྐབས་རིང་ཨུ་རུ་སུ་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་མཐོང་གི་མི་འདུག
དྲི་བ། ཨུ་རུ་སུའི་སྲིད་འཛིན་ཕི་ཊིན་བོད་དང་བོད་ཀྱི་ནང་ཆོས་ལ་ལྟ་སྟངས་གང་འདྲ་འདུག་གམ།
ལན། དེའི་སྐོར་ངས་གསལ་བོ་ཤེས་ཀྱི་མེད། ཡིན་ནའང་མི་གཞན་གྱིས་ཉེ་སྔོན་སྲིད་འཛིན་ཕི་ཊིན་དང་ཁ་ཁ་ཆགས་པའི་སྐུ་ལྕམ་དེ་ནང་པ་ཡིན་སྟབས། སྲིད་འཛིན་ཁོང་ཡང་ནང་ཆོས་ལ་དོ་སྣང་ཡོད་པ་རེད་ཅེས་ཤོད་མཁན་འདུག་ལ། སྐུ་ཟླ་སྔོན་མར་ཁལ་མུག་གི་སྲིད་འཛིན་ཀེ་སིན་ཨེ་ལེ་མཆོག་དྷ་རམ་ས་ལར་ཕེབས་སྐབས། སྐུ་ཟླ་དེའི་ཆེད་དུ་༧གོང་ས་མཆོག་ལ་ཕྱག་དེབ་ཅིག་ཞུས་གནང་ཡོད་པའི་སྐད་ཆ་དང་། ཁོང་ཚོའི་བུ་མོ་ཞིག་གི་བཟའ་ཟླ་ཀོ་རི་ཡའི་ནང་ཆོས་ལ་དོ་སྣང་ཡོད་མཁན་ཞིག་རེད་ཟེར་བའི་བཤད་ཚུལ་ཞིག་ཀྱང་འདུག ཕི་ཊིན་འཇུ་རེས་བྱེད་རོགས་ཀྱི་གྲོགས་པོ་ཞིག་བཀའ་བརྒྱུད་པ་རེད་ཅེས་གནས་ཚུལ་མང་པོ་གོ་ཡོང་གི་འདུག གང་ལྟར། སྲིད་འཛིན་ཁོང་ནང་ཆོས་ལ་དོ་སྣང་ཡོད་པ་༧གོང་ས་མཆོག་གིས་ཀྱང་མཁྱེན་གྱི་འདུག སྲིད་འཛིན་ཁོང་དེ་སྔོན་ཨུ་རུ་སུའི་ནང་པའི་མངའ་སྡེ་གསུམ་ནང་ཕེབས་ཡོད་པ་མ་ཟད། སྔ་ལོར་བྷུར་ཡ་ཐི་ལ་ཕེབས་ཏེ་དགོན་སྡེ་ཁག་ལ་འཛུགས་བསྐྲུན་ཆེད་དངུལ་སྤྲད་གནང་འདུག
དྲི་བ། ཁྱེད་རང་གི་ངོས་ནས་མ་འོངས་པར་ཨུ་རུ་སུའི་ནང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོཊ་ཀྱི་ལམ་ཁ་ཡག་ཤོས་གང་མཐོང་གི་ཡོད་དམ།
ལན། ངའི་བསམ་བློ་འཁུར་སྟངས་ཁ་ཁ་རེད། འགའ་ཤས་ཀྱིས་ཆབ་སྲིད་ཁོ་ནར་བསམ་བློ་གཏོང་གི་འདུག ང་ཆབ་སྲིད་ཁོ་ནར་བསམ་བློ་ཤུགས་ཆེར་གཏོང་མཁན་ཞིག་མིན། ཆབ་སྲིད་ཀྱི་འབྲེལ་བ་ཟེར་བ་དེ་འགྱུར་བ་འགྲོ་སླ་བ་ཞིག་རེད། ཆོས་དང་རིག་གཞུང་གི་འབྲེལ་བ་དེ་ཧ་ཅང་བརྟན་པོ་རེད་བསམ་གྱི་འདུག ཆོས་དང་རིག་གཞུང་གི་འབྲེལ་བའི་ཞོར་དུ་ཆབ་སྲིད་ཀྱི་དཀའ་ངལ་ལ་རྒྱབ་སྐྱོར་རག་རྒྱུའི་བསམ་བློ་གཏོང་གི་ཡོད། དེ་ལྟར་བྱས་ན་ཕུགས་བརྟན་པོ་རེད། ཨུ་རུ་སུ་དང་ང་ཚོ་དུས་རབས་ ༡༧ དང་ ༡༨ ནས་འབྲེལ་བ་ཡོད་པ་རེད། ཁོང་ཚོ་༧གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་ཡོད་སྟབས། མ་འོངས་པར་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་བྱས་ཏེ་རྒྱ་སྐྱེད་བཏང་བ་ཡིན་ན། རང་བཞིན་གྱིས་བོད་དོན་ལ་སེམས་ཤུགས་དང་རྒྱབ་སྐྱོར་བསླེབ་ཀྱི་རེད་བསམ་གྱི་འདུག
དྲི་བ། ད་སྔ་༧གོང་ས་མཆོག་ཨུ་རུ་སུའི་ནང་ཆིབས་བསྒྱུར་གང་ཚོད་གནང་ཡོད་པ་དང་། མ་འོངས་པར་ཡང་བསྐྱར་གདན་འདྲེན་ཞུ་རྒྱུའི་འཆར་གཞི་དེ་འདྲ་ཡོད་དམ།
ལན། ༡༩༧༩ ལོར་ཨུ་རུ་སུ་དམར་ཤོག་འོག་མ་ཤོར་གོང་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་རེད། དེ་ནས་ ༡༩༨༢ ལོ་དང་ ༡༩༨༦ ལོ། ༡༩༩༡། ༡༩༩༢། ༡༩༩༤། ༡༩༩༥ བཅས་གནང་བ་རེད། ༡༩༩༤ ལོར་༧གོང་ས་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་གནང་སྐབས། ཨུ་རུ་སུའི་གྲོས་ཚོགས་འོག་མའི་ནང་ཆིབས་བསྒྱུར་གནང་པ་རེད། གྲོས་ཚོགས་ནང་ཐེངས་གསུམ་ལ་བོད་དོན་སྐོར་ལ་གྲོས་བསྡུར་གནང་ཡོད་པ་མ་ཟད། ༡༩༩༥ ལོར་ཚོགས་མི་ ༡༠༣ གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བ་རེད།
འོན་ཀྱང་། ཨུ་རུ་སུའི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་དེ་འདྲ་ཡོད་པ་མ་རེད། ༢༠༠༤ ལོར་ཨུ་རུ་སུ་གཞུང་གིས་མོ་སུ་ཁོ་བརྒྱུད་ནས་ཆིབས་བསྒྱུར་གནང་ན་འགྲིག་གི་མེད་ཅེབ་ལབ་སྟབས། ཨམ་བྷ་ས་ནས་ཁལ་མུག་ཏུ་འཁྱུག་ཙམ་རིང་ཆིབས་བསྒྱུར་གནང་བ་རེད། ང་རང་གི་བསམ་པར་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་འགྲོ་སྲིད་པ་ཡིན་སྟབས། ༧གོང་ས་མཆོག་ད་དུང་མང་པོ་ཆིབས་བསྒྱུར་གནང་ཐུབ་ཀྱི་རེད་བསམ་གྱི་འདུག ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་ནང་པའི་མངའ་སྡེ་ཁག་ང་ཚོ་མཉམ་རུབ་ཐོག་འབད་བརྩོན་བྱེད་བསྡད་ཡོད།
དྲི་བ། ཨུ་རུ་སུའི་ནང་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ལ་དོ་སྣང་ཆེན་པོ་ཡོད་པའི་སྐད་ཆ་འདུག དེའི་སྐོར་ལ་རྒྱུས་མངའ་ཡོད་དམ།
ལན། ཨུ་རུ་སུའི་ནང་བོད་ཀྱི་གསོ་བ་རིག་པར་གདེང་འཇོག་ཡོད་པའི་རྒྱུ་མཚན་གཙོ་བོ། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས། ཨུ་རུ་སུའི་གོང་མའི་སྲས་གཅིག་ལ་ན་ཚ་བྱུང་བར་བྷུར་ཡ་ཐིའི་མི་ཡིན་ཞིང་བོད་སྨན་ཤེས་པའི་སྨན་པ་ཞིག་གིས་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་བའི་ལོ་རྒྱུས་འདུག དུས་དེ་ནས་བཟུང་ཨུ་རུ་སུའི་མི་མང་གིས་བོད་ཀྱི་གསོ་བ་རིག་པ་དང་། ལྷག་པར་དུ་བོད་སྨན་རྩ་ཆེན་པོར་རྩི་བཞིན་ཡོད་ས་རེད། དེང་སང་ཨུ་རུ་སུར་སྨན་རྩིས་ཁང་གི་ཨམ་རྗེ་དང་སྒེར་གྱི་སྨན་པ་མང་པོ་སླེབ་འདུག ཡིན་ནའང་བོད་པའི་སྨན་པ་རྫུན་མ་རེ་ཟུང་ཡང་ཡོད་ས་རེད།
དྲི་བ། བཙན་བྱོལ་བོད་མིའི་སློབ་གྲྭ་དང་གདན་ས་ཁག་ཏུ་ཨུ་རུ་སུའི་ནང་པའི་མངའ་སྡེ་ཁག་གི་སློབ་གཉེར་བ་གང་འཚམ་འདུག ཨུ་རུ་སུའི་སློབ་གྲྭ་ཁག་ཏུ་བོད་པའི་སློབ་མ་ཚུད་པའི་ལམ་ཁ་རག་གི་ཡོད་དམ།
ལན། ཨུ་རུ་སུར་བོད་པའི་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་གཅིག་ཀྱང་ཧ་ལམ་ཡོད་པ་མ་རེད། ང་ཚོ་བོད་པ་མང་ཆེ་བ་ཨ་རི་དང་ཡུ་རོབ་ནང་ཌོལ་ལོར་གསོག་གི་འགྲོ་བ་ལས། ར་ཤི་ཡར་ཌོལ་ལོར་མེད་སྟབས་པ་ཡོང་མཁན་ཡོད་པ་མ་རེད། སྔོན་མ་ཞིག་ལ་སློབ་མ་གཉིས་ཨུ་རུ་སུར་སློབ་སྦྱོང་བྱེད་དུ་བསླེབ་འདུག རྗེས་སུ་ཁུངས་མ་འཁྱོལ་བར་ཕྱིར་ལོག་འདུག སྤྱིར་བཏང་ཨུ་རུ་སུ་འཛམ་གླིང་ཐོག་ཚན་རིག་གི་གནས་ཚད་མཐོ་ཤོས་གྲས་རེད། ད་ལྟའི་ཆར་ཨུ་རུ་སུའི་དཔལ་འབྱོར་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་བོད་པ་ཡོང་མཁན་མང་དུ་འགྲོ་སྲིད་པ་རེད།
གསར་འགོད་པ། དོན་གོ