ཨ་རིའི་སྲིད་འཛིན་འོས་བསྡུའི་འོས་ཤོག་གྲངས་བཤེར་གསར་བའི་ནང་ལྕམ་ཧེ་ལ་རེ་མཆོག་ལ་བརྒྱ་ཆ་ ༤༥ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བརྒྱ་ཆ་ ༣༩ ཐོབ་ཡོད་འདུག
སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་འོས་ཤོག་གྲངས་བཤེར་གྱི་གྲངས་ཐོ་གསར་བ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ལ་འོས་ཤོག་བརྒྱ་ཆ་ ༤༥ དང་སྤྱི་འཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་འོས་ཤོག་བརྒྱ་ཆ་ ༣༩ ཐོབ་ཡོད་པ་དང་། དེ་བཞིན་ངལ་རྩོལ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་རྗོན་སོན་མཆོག་ལ་འོས་ཤོག་བརྒྱ་ཆ་ ༡༠ དང་གྷི་རིན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སི་ཊིན་མཆོག་ལ་འོས་ཤོག་བརྒྱ་ཆ་ ༤ བཅས་ཐོབ་སྐོར་བཀོད་འདུག
ཐེངས་འདིའི་འོས་ཤོག་གྲངས་བཤེར་གསར་བའི་ནང་། ཨ་རིའི་མི་ནག་མི་མང་གི་ཁྲོད་ནས་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་གནང་མཁན་བརྒྱ་ཆ་ ༩༣ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱབ་སྐྱོར་གནང་མཁན་བརྒྱ་ཆ་ ༣། དེ་བཞིན། ལ་ཊེན་ཨ་རིའི་མི་མང་གི་ཁྲོད་ནས་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་གནང་མཁན་བརྒྱ་ཆ་ ༧༤ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱབ་སྐྱོར་གནང་མཁན་བརྒྱ་ཆ་ ༡༦ ཟིན་གྱི་ཡོད་ནའང་། མ་འོངས་པར་གལ་ཏེ་ངལ་རྩོལ་ཚོགས་པ་དང་གྷི་རིན་ཚོགས་པ་གཉིས་ཀྱི་འོས་གྲངས་འཕར་བ་ཡིན་ན། ལྕམ་ཧེ་ལ་རེ་མཆོག་ལ་ལ་ཊེན་ཨ་རིའི་མི་མང་གི་འོས་ཤོག་བརྒྱ་ཆ་ ༦༠ མ་གཏོགས་ཐོབ་ཀྱི་མིན་སྐོར་བརྗོད་འདུག
སྤྱིའི་ཆ་ནས་ཨ་རིའི་མི་མང་བརྒྱ་ཆ་ ༤༤ ཡིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ནི་ཡིད་ཆོས་བློ་འཁེལ་ཆོག་པའི་སྲིད་འཛིན་འོས་མི་ཞིག་ཏུ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། མི་མང་བརྒྱ་ཆ་ ༣༦ གིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་གི་ཡོད་ཅིང་། ཨ་རིའི་རྒྱལ་ནང་གི་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་སྔོན་འགོག་གི་ཐད་ནས་ལྕམ་ཧེ་ལ་རེ་མཆོག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་ ༥༢ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བརྒྱ་ཆ་ ༤༡། ཡུལ་གྱར་འགོག་སྡོམ་གྱི་ལངས་ཕྱོགས་ཐད་ནས་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་གནང་མཁན་བརྒྱ་ཆ་ ༥༤ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བརྒྱ་ཆ་ ༤༡། ལས་ཤོར་མི་མང་ལ་ལས་གནས་གསར་སྐྲུན་གནང་ཕྱོགས་ཐད་ནས་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༤༩ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བརྒྱ་ཆ་ ༤༣། དེ་བཞིན་ཚོང་དོན་ཐད་ནས་ལྕམ་ཧེ་ལ་རེ་མཆོག་ལ་རྒྱབ་སྐྱོར་གནང་མཁན་བརྒྱ་ཆ་ ༥༢ དང་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བརྒྱ་ཆ་ ༤༢ བཅས་ཟིན་གྱི་ཡོད་འདུག
ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་དམངས་གཙོ་ཚོགས་པ་དང་སྤྱི་འཐུན་ཚོགས། ངལ་རྩོལ་ཚོགས་པ་དང་གྷི་རིན་ཚོགས་པ་བཅས་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཁག་བཞིའི་བར་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།