དེ་རིང་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་མཉམ་འབྲེལ་ཚོགས་ཁང་དུ། ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་གསར་པའི་ལས་འཁུར་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་དེ་སྔའི་ས་གནས་མགོ་འཛིན་ཚེ་རིང་བཀྲ་ཤིས་ལགས་ཨ་རིའི་དོན་གཅོད་ལས་ཁུངས་ཀྱི་ཟུང་དྲུང་དུ་བསྐོ་བཞག་གནང་བའི་ཚབ་ཏུ། ཉེ་ལམ་དེ་སྔའི་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་དགེ་ལེགས་འབྱུང་གནས་ལགས་བསྐོ་བཞག་གནང་ཡོད་པ་རེད།
དེ་རིང་གཞིས་མགོ་གསར་བའི་ལས་འཁུར་མཛད་སྒོའི་སྟེང་། སེ་ར་ཐེག་ཆེན་གླིང་སོགས་ས་གནས་ཀྱི་རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཕེབས་ཏེ་མཇལ་དར་སྒྲོན་འབུལ་ཞུས་སོང་།
སྐབས་དེར་གཞིས་མགོ་རྙིང་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གཏམ་བཤད་གནང་བར། ཁོང་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོར་བསྐོས་ཏེ་ཟླ་བ་ ༤ ཙམ་ལས་སོང་མེད་པ་མ་ཟད། དངོས་སུ་ལས་དོན་བསྒྲུབས་ཏེ་ཟླ་གཉིས་དང་ཕྱེད་ཙམ་ལས་ཕྱིན་མེད་སྟབས། དུས་ཡུན་དེའི་རིང་ལས་དོན་ཐོག་གྲུབ་འབྲས་གང་ཡང་འཐོན་ཐུབ་མེད་པ་དང་། ཐེངས་འདིར་གཞིས་མགོ་གསར་པ་སྙན་གྲགས་ཅན་ཞིག་ལ་རྩིས་སྤྲོད་བྱ་རྒྱུ་བྱུང་བ་དེར་དགའ་ཚོར་ཆེན་པོ་བྱུང་བ། ས་གནས་ལས་བྱེད་དང་མང་ཚོགས་ཚོས་གཞིས་མགོ་གསར་པར། སྔར་ལྷག་འཕྱར་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་བཅས་གནང་སོང་། དེ་བཞིན། གཞིས་མགོ་གསར་པ་དགེ་ལེགས་འབྱུང་གནས་ལགས་ཀྱིས་གཏམ་བཤད་བར། ལུགས་ཟུང་གཞིས་ཆགས་ནི་གཞིས་ཆགས་གཞན་ལས་རྒྱ་ཆེ་བ་དང་མི་འབོར་མང་བ་ཡིན་སྟབས། གཞིས་མགོ་བྱེད་རིང་ལས་དོན་ལྷག་བསམ་རྣམ་དག་གིས་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་སོང་།
གཞིས་མགོ་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་རྟོག་ཞིབ་པ་ནང་སྲིད་སྐུ་ཚབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས། ཁ་སང་ནས་དེ་རིང་སྔ་དྲོའི་བར་གཞིས་མགོ་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་སྟེ། རྩིས་སྤྲོད་རྩིས་ལེན་ཚགས་ཚུད་པོ་ཡག་པོ་བྱུང་ཡོད་སྐོར་བརྗོད་སོང་།
སྦེལ་ཀོབ་གཞིས་ཆགས་གསར་རྙིང་ནང་ལོ་གཅིག་གཉིས་ནང་གཞིས་མགོ་མང་པོ་འཕོ་འགྱུར་བཏང་བར་བརྟེན་ཏེ། གཞིས་ཆགས་ནང་གི་ལས་དོན་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་འཐོན་ཐུབ་ཀྱི་མེད་པའི་བསམ་ཚུལ་ཡོང་གི་ཡོད་སྟབས། གསར་འགོད་པས་གཞིས་མགོ་གསར་པ་དགེ་ལེགས་འབྱུང་གནས་ལགས་སུ། གཞིས་མགོ་རྒྱུན་རིང་གནང་འཆར་ཡོད་མེད་བཅར་དྲི་ཞུས་པར་ཁོང་གིས་ད་ལྟ་བཤད་ཚོད་ཐུག་དཀའ་ཡང་སོ་སོའི་སེམས་ནང་གང་ཐུབ་ཐུབ་གནང་རྒྱུའི་གྲ་སྒྲིག་ཡོད་སྐོར་གསུངས་སོང་། ཡང་གཞིས་ཆགས་ནང་འཕྲལ་དུ་བསྒྲུབ་དགོས་པའི་ལས་དོན་གང་གཟིགས་ཀྱི་ཡོད་མེད་དྲིས་པར། ལུགས་བསམ་ཁྱབ་ཁོངས་ཀྱི་རྒན་གསོ་ཁང་གི་གནས་སྟངས་དང་མཐུན་རྐྱེན་ཧ་ཅང་སྐྱོ་པ་ཡིན་སྟབས། རྒན་གསོ་ཁང་དེའི་གནས་སྟངས་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་སོང་།
དགེ་ལེགས་འབྱུང་གནས་ལགས་ནི། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ནང་ཚར་ལོངས་བྱུང་བ་དང་། གཞི་རིམ་སློབ་གྲྭ་ཐོན་རྗེས་ས་གནས་རང་ཁོངས་ལས་བྱེད་ནང་ཞུགས་ཏེ། ཐེག་པ་རིམ་འཛེགས་ཀྱིས་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་འབྲེལ་མཐུད་འགན་འཛིན་དང་། ༢༠༡༤ ཟླ་ ༩ ཚེས་༨ ནས་ ༢༠༡༦ ཟླ་ ༩ ཚེས་ ༥ ཉིན་བར་ལོ་གཉིས་མ་ཟིན་ཙམ་རིང་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་གནང་ཡོད་རེད།
ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ཁྱབ་ཁོངས་སུ་དགོན་སྡེ་ཁག་ ༩ དང་གྲོང་སྡེ་ཁག་ ༦ ། སློབ་གྲྭ་ཆེ་ཆུང་ཁག་ ༦ ། རྒན་གསོ་ཁང་གཅིག འཕྲོད་བསྟེན་སྨན་ཁང་གི་ཡན་ལག་དང་། སྨན་རྩིས་ཁང་གི་ཡན་ལག་བཅས་སུ་ཁྱོན་མི་འབོར་ཆིག་ཁྲི་ལྷག་ཡོད་ཅིང་། ཐེངས་འདིའི་གཞིས་མགོ་དགེ་ལེགས་འབྱུང་གནས་རྩིས་པའི་ད་བར་གཞིས་མགོ་རིམ་པ་ ༢༧ བྱུང་ཡོད་འདུག
ཟླ་འདིའི་ཚེས་ ༥ ཉིན། ཧུན་སུར་རབ་རྒྱས་གླིང་གི་གཞིས་མགོ་དགེ་ལེགས་འབྱུང་གནས་སྦེལ་ཀོབ་ཏུ་སྤོ་བའི་ཚབ་ཏུ། སྦན་ཏ་ར་གཞིས་ཆགས་ཀྱི་གཞིས་མགོ་རྡོ་རྗེ་རིག་འཛིན་ལགས་ཧུན་སུར་གཞིས་མགོར་བསྐོ་བཞག་གནང་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།